ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཁོངས་གཏོགས་ཡིན་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ལུའོ་ཏུང་ཁྲོན་དང་། རིན་ཆེན་བཀྲ་ཤིས། ཅང་ཀྲི་ཀང་སོགས་འཐུས་མིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཚའེ་ཆི་ཡིས་བསམ་འཆར་ནན་ཏན་ངང་གསན་བཞིན་འཐུས་མི་ཚོ་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཚའེ་ཆི་ཡིས་གསུངས་དོན། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་འགོ་ཚུགས་ལོའི་ལས་དོན་བཀོད་སྒྲིག་བྱས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གང་ལེགས་མངོན་པ་དང་། མི་དམངས་མང་ཚོགས་ཀྱི་དོ་ཁུར་དང་རེ་སྒུག་ལ་ལན་བསློགས་པ་དེ་ནི་དམ་པ་དོན་གཉེར་དང་། ནུས་སེམས་གཅིག་སྒྲིལ། གསར་གཏོད་འབད་འཐབ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས། སྙན་སྒྲོན་འདིར་རྦད་དེ་མོས་མཐུན་ཡོད།
ཚའེ་ཆི་ཡིས་བསྟན་དོན། ལོ་5ཡི་རིང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། “ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་ནས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་འབད་འབུངས་ཆེན་པོས་སྐུལ་འདེད་གཏོང་དགོས།
ཚའེ་ཆི་ཡིས་མཚོ་སྔོན་གྱི་བྱ་གཞག་ཁག་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་སྐོར་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཚོ་སྔོན་གྱིས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་དང་དགེ་མཚན་ཆེ་རིགས་འདོན་སྤེལ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཧེ་བག་ཅན་དང་ཁྱད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།