《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月25日

2025ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལ་གཟི་བརྗིད་མཚན་སྙན་ཁག་མང་པོ་ཐོབ་ནས་དཔེ་སྟོན་ནུས་འབྲས་ཐོན་པ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་17ཉིན། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དགུ་པའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་འབད་འཐབ་དང་། ཐབས་བཟང་། སྙུགས་ཤེད་བཅས་ལ་བརྟེན་ནས་འགག་སྒྲོལ་དཀའ་སེལ་བྱས་ཏེ། ལོ་འཁོར་མོར་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གཟི་བརྗིད་མཚན་སྙན་ཁག་མང་པོ་ཐོབ་པ་དང་། གསར་གཏོད་ཀྱི་བྱ་ཐབས་ཁག་གཅིག་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་དཔེ་སྟོན་ནུས་འབྲས་ཐོན་པས། ཁྱབ་ཁོངས་ཁག་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཐད། ལྷོ་ཁ་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྱི་མཚན་སྙན་ཐོབ་ཅིང་། རྩེད་ཐང་གྲོང་ཁུལ་དུ“གཉིས་བཀུར་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་གཏོང་ལམ་ཐིག”ཤར་གཏོང་བྱས་ཏེ། རླངས་འཁོར་ནང་གི་LEDབརྙན་ཤེལ་ནས་གཉིས་བཀུར་དྲིལ་བསྒྲགས་རྒྱུན་མཐུད་བྱས་པ་དང་དངོས་ཞབས་དམག་མིས་ལག་ཁྱེར་ཁྱེར་ན་རིན་པ་མི་དགོས་པར་སྤྱི་སྤྱོད་རླངས་འཁོར་ལ་སྡོད་ཆོག་གི་ཡོད་པས། གཉིས་བཀུར་གྱི་འདུ་ཤེས་རྒྱུན་གཏན་འགྲོ་སྐྱོད་ནང་མཉམ་འདྲེས་ཐུབ་ཡོད། ལྷོ་བྲག་རྫོང་ལ་དམག་དམངས་ཉ་ཆུ་ལྟར་གྱི་བརྩེ་བ་ཟབ་མོ་དང་གཉིས་བཀུར་བྱ་ཐབས་ཏན་ཏིག་ལ་བརྟེན་་ནས“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་རྫོང”གི་མཚན་སྙན་ཐོབ་པ་རེད།

2025ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཀུན་ཕན་དངུལ་རྩའི་འཕེལ་རྒྱས་དཔེ་སྟོན་ཁུལ་ཡིན་པའི་ཆ་ནས། ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་གནད་སྨིན་ཐག་གཅོད་བྱས་ཤིང་། ཀྲུང་དབྱང་གི་བྱ་དགའ་དང་ཁ་གསབ་མ་དངུལ་བརྒྱུད་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་རྒྱུག་ཁག་ཐེག་ཀུང་སི་ཐོག་མ་དེ་བཙུགས་ཏེ། དངུལ་ཁང་གི་དངུལ་བུན་གཏོང་ཚད་60%འཕར་བར་སྐུལ་འདེད་དང་། “དྲ་སྦྲེལ+”ཀྱི་ཡིད་རྟོན་དངུལ་བུན་ཞིབ་མཆན་འགོད་པའི་རྣམ་པ་གསར་གཏོད། བརྒྱུད་རིམ་ཧྲིལ་པོ་སྐར་མ་5ནང་ཚུན་ལ་ཐུང་དུ་གཏོང་བ་བཅས་བྱས་ནས། ཞིང་འབྲེལ་དངུལ་བུན་98%ཡན་དྲ་ཐོག་ནས་སྒྲུབ་གཉེར་ཐུབ་ཀྱི་ཡོད། དུས་མཚུངས་སུ“སྒོ་རའི་དཔལ་འབྱོར་དངུལ་བུན”དང“བོད་ཀྱི་དམངས་སྲོལ་གནས་ཚང་དངུལ་བུན”སོགས་མ་དངུལ་བསྡུ་རྒྱུག་གི་ཐོན་རྫས་ཁག་5ཐོག་མར་བཏོན་ཏེ། གྲོང་གསེབ་ཀྱི་མི་སྒེར་གྱི་ཐོན་སྐྱེད་ཚོང་གཉེར་དངུལ་བུན་གཏོང་ཚད་ཁྲི་300བར་མང་དུ་བཏང་ནས། སྣ་མང་ཅན་གྱི་དགོས་མཁོ་བསྐངས་པ་རེད།

ཁྲིམས་སྐྱོང་འཛུཌ་སྐྲུན་ཐད། འཕྱོངས་རྒྱས་རྫོང་ལ་ལྗོངས་ཡོངས་ཀྱི་རྒྱལ་ཡོངས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དཔེ་སྟོན་རྫོང་འབའ་ཞིག་གི་མཚན་སྙན་ཐོབ་ཡོད། རྫོང་དེ་གའི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་དམངས་ཕན་སྐར་ཁུང་28བཙུགས་ཡོད་པ་དང་ཐོན་མང་བའི་དོན་དག་ཁག་73“དྲ་རྒྱ་གཅིག་དང་། སྐར་ཁུར་གཅིག ཐེངས་གཅིག”བཅས་ཀྱི་ཐོག་ནས་སྒྲུབ་གཉེར་ཐུབ་ནས། དམངས་ཕན་མ་དངུལ་ཁྲི་1382དོན་ཐོག་ཏུ་འཁྱོལ་བ་དང་སྲིད་དོན་ཞབས་ཞུ་ཐེར་འདོན་བྱེད་མཁན་གཅིག་ཀྱང་བྱུང་མེད་པ་རེད།

སྒོ་དབྱེ་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་དུས་གཅིག་ཏུ་མགྱོགས་སུ་ཕྱིན་ཞིང་། ལྷོ་ཁ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་རང་སྐྱོང་ལྗོངས་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཆོག་མཆན་ཐོབ་པ་དང་། གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་ལྗོངས་ཡོངས་ཀྱི་གནམ་ཐང་འགག་སྒོ་རྒྱལ་སྤྱིའི་དངོས་ཟོག་ས་ཚིགས་ཐོག་མ་དེ་སྤྱོད་འགོ་ཚུགས་པ། ལྷོ་ཁ་ནས་ཨེ་ཀྲོའུ་གྲོང་ཁྱེར་བར་གྱི་ཧྲུན་ཧྥུང་ཟོག་འདྲེན་གནམ་གྲུའི་མཁའ་ལམ་ཤར་གཏོང་ཐུབ་པ་བཅས་ཀྱིས་ཁྱད་ལྡན་ཐོན་རྫས་ཕྱི་ཕྱོགས་སུ་དབོར་བར་བགྲོད་ལམ་བསྐྲུན་པ་མ་ཟད། གྲོང་ཁྱེར་དེ་ཉིད་ཀྱི་གྲོང་གསེབ་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་གི་སྒྱུར་བཅོས་ཉམས་མྱོང་ཡང་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ་རེད།

(ཕུར་སྒྲོན་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)