འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན“འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱང་བསྡོམས་འབོར་གྱི་གཞི་གྲངས་ཅུང་ཉུང་བའི”གླེང་མང་བའི་གནད་དོན་ལ་དམིགས་ནས། ཟླ་1ཚེས་16ཉིན། གསར་འགོད་པས“ལོ་ལྔ་ཚན་བཅུ་བཞི་པའི”རིང་དང་དེ་བཞིན་2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། མིག་སྔའི་འཕར་ཤུགས་ཆེ་བ་དེ་ཐོག་ནས་མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་མཚོན་པ་དང་གཞི་ཁྱོན་ཅུང་ཆུང་བ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་ཕྱི་ཕྱོགས་སུ་སྐྱོད་ཚད་སྤྱི་ཡོངས་ནས་མཐོ་རུ་གཏོང་རྒྱུ་དང་རིན་ཐང་འཁོར་འབྲེལ་གྱི་ལེགས་ཆ་ཆེ་རུ་གཏོང་དགོས་པ་མཚོན་གྱི་ཡོད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཐོན་ལས་རིམ་སྤོར་དང་། ལས་རྣམ་གསར་གཏོད། བྱེད་པོ་སྐྱེད་སྲིང་བཅས་ལྟེ་བའི་བྱེད་ཐབས་ཆེན་པོ་གསུམ་བརྒྱུད་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས“མྱུར་ཚད་སྔོན་སྐྱོད”ནས“སྤུས་འབོར་གཉིས་འཕར”བར་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
ཐོན་ལས་ཀྱི་རྨང་གཞི་སླར་ཡང་བརྟན་དུ་བཏང་ཞིང་། དེ་སྔའི་དམའ་རིམ་རྒྱུ་ཆ་ཕྱིར་གཏོང་བྱ་རྒྱུ་གཙོ་བོར་བྱེད་པའི་རྣམ་པར་འགྱུར་ལྡོག་བཏང་སྟེ། ཐོན་ལས་ལག་རྩལ་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་མཐའ་སྣེའི་ལྷུ་ཚིགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་ཡོད། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་སུ་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་གཙོ་གནད་དུ་འགག་སྒྲོལ་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཕྱིར་གཏོང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་པའི་གློག་རྫས་རིམ་པའི་ཐཱན་སྐྱུར་ལི་དང་། རྒྱུ་གཙང་ལྷད་མེད་ཁིལ་འགྱུར་མའེ་དང་། དམིགས་བསལ་ཆིང་དབྱང་རྫས་འགྱུར་ཅཱ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་རྫས་འགྱུར་དངོས་རྫས་ཕྱིར་གཏོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། “མའེ་ཁོངས”ཐོན་རྫས་བཟོ་ལས་རྒྱུ་ཆ་ནས་སྨན་སྤྱོད་དང་བཟའ་བཅའི་རིམ་པ་སོགས་རིན་ཐང་ཆེ་བའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་ཡོད། ཁྱད་ལྡན་ཞིང་ཕྱུགས་ཁྱབ་ཁོངས་སུ་ཕྱིར་གཏོང་ཁེ་ལས་ཀྱིས་སྤུས་ཀའི་ཚད་གཞི་ཚོད་འཛིན་ནན་པོ་བྱེད་པར་ལྕག་སྐུལ་གྱིས་འཁྱག་སྐམ་བཏང་བའི་འདྲེ་ཚེར་མ་དང་། གྲང་ཆུའི་ཉ་ཚལ། སྐྱེ་ལྡན་ལི་གྲོ་བཅས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་སོགས་འཕེལ་རྒྱས་བཏང་སྟེ། “མཚོ་སྔོན་རྟགས་ཅན”ཁྱད་ལྡན་ཐོན་རྫས་ནས་རྩེར་སོན་བདེ་ཐང་འཛད་རྫས་སུ་བསྒྱུར་བར་སྐུལ་འདེད་བཏང་ཡོད།
ལས་རྣམ་གསར་པའི་སྒུལ་ཤུགས་གཙོ་བོ་སྐྱེད་སྲིང་བྱས་ཤིང་། “ཐོན་ལས་ཁུལ་དང་རྒྱལ་སྒྲོལ་དྲ་ཚོང་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་གཏིང་ཟབ་ཏུ་བཏང་ནས་ཟི་ལིང་དང་མཚོ་ཤར་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུ་ཁྱད་ལྡན་དྲ་ཐོག་ཐོན་ལས་ཁང་བསྐྲུན་ཏེ་ནུས་རྒྱུ་གསར་པ་དང་། བོད་རུམ། ཞིང་འབྲོག་ཐོན་རྫས་སོགས་ཁེ་ལས་ཀྱིས་ཐད་ཀར་ཕྱིར་གཏོང་བྱེད་སྟངས་གཞི་ཁྱོན་ལྡན་པའི་ངང་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཡོད། ཕྱི་རྒྱལ་གྱི་མཛོད་ཁང་བསྐྲུན་རྒྱུར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་སྤྱི་པའི་ཕྱི་རྒྱལ་གྱི་མཛོད་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་RCEPགཙོ་གནད་ཁྲོམ་རར་མཛོད་འཇུག་དང་། འགྲེམས་སྟོན། ཕྱིར་ཚོང་། དངུལ་རྩ་བཅས་གཞི་གཅིག་གི་རིག་ནུས་ཅན་གྱི་ཕྱི་རྒྱལ་གྱི་ལྟེ་གནད་ཅིག་གཏོད་རྒྱུར་ལྕག་སྐུལ་བྱས་ཡོད། དུས་མཚུངས་སུ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཚད་གཞི་ལྡན་པའི་ཁེ་ལས་སྐྱེད་སྲིང་བྱས་ནས་ཁེ་ལས་འབྲིང་ཆུང་ལ་སྒོ་ཁྲལ་གནས་ཞུ་དང་། ཁྲལ་སློག མ་དངུལ་བསྡུ་རུབ། ཟོག་འགྲེམས། སྤུས་རྟགས་ཚོང་སྒྱུར་བཅས་ཚུད་པའི་འཁོར་འབྲེལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་ཞབས་འདེགས་ཞུས་ནས་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་ཆ་རྐྱེན་དང་ཕྱོགས་བསྡུས་མ་གནས་དམའ་རུ་ཤུགས་ཆེན་བཏང་ཡོད།
གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཤིང་། ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོ་ལྡབ་འགྱུར་གྱིས་མང་དུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱི་སྐས་རིམ་རྣམ་པའི་གསོ་སྐྱོང་མཛོད་འཛུགས་པ། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་གནད་སྨིན་ཟུར་ཁྲིད་ལག་བསྟར་བཅས་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ཐོན་སྐྱེད་རྣམ་པའི་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་རང་གཉེར་ཕྱིར་གཏོང་བྱེད་པར་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ཐོན་སྐྱེད་ཀྱི་གཞི་གྲངས་དང་ཕྱི་ཕྱོགས་ཚོང་དོན་གྱི་གཞི་གྲངས་གཅིག་གྱུར་ཡོང་བར་བྱས་ཡོད། སྡེ་ཚན་སྒྲོལ་བའི་མ་ལག་རང་བཞིན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་དོན་སྡེ་ཚན་གྱིས་འགག་སྒོ་དང་། ཁྲལ་དོན། ཕྱི་དངུལ་སོགས་སྡེ་ཚན་དང་དུས་བཅད་གྲོས་མོལ་ལམ་སྲོལ་འཛུགས་པ། ཕྱིར་གཏོང་ཁྲལ་སློག་བྱེད་མགྱོགས་སུ་གཏོང་བ། རྒྱལ་སྒྲོལ་བསྡོམས་རྩིས་སྟབས་བདེ་རུ་གཏོང་བ། ཀྲུང་ཡོའི་དུས་གཏན་མེ་འཁོར་སྐྱེལ་འདྲེན་གྱི་འཇུར་མིག་སེལ་བ། ཡོ་རོབ་མནའ་འབྲེལ་གྱི་མཐའ་མཚམས་ཐཱན་སྙོམས་སྒྲིག་ལམ་སྲོལ(CBAM)སོགས་ཐུན་མོང་རང་བཞིན་དང་རྙོག་འཛིང་ཆེ་བའི་དཀའ་གནད་ལ་ཁ་གཏད་འཇལ་བ་བཅས་ལ་གཙོ་གནད་ཐོག་དམ་པོར་དམིགས་ཏེ། བརྟན་ལྷིང་དང་། འདྲ་མཉམ། ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་ནས་ཁེ་ལས་ཕྱིར་སྐྱོད་ཐུབ་པ་དང་ཕྱིར་སྐྱོད་མཁས་པོ་བྱས་ཏེ་མཚོ་སྔོན་ཕྱི་ཕྱོགས་ཚོང་དོན་གྱི་སྣ་མང་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་ཀྱི་ཁྱད་ཆོས་དང་འཚམ་པའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་ཡོད།