ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཏ་རེ་སི་ས་ལམ་དུ་ཐན་ཙན་ནི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཁུན་པོ་དང་གྲོས་མོལ་གནང་བ་མ་ཟད། མཉམ་དུ་གསར་འགོད་པ་དང་ཐུག་འཕྲད་ཀྱང་གནང་བ་རེད།
ཝང་དབྱི་ཡིས་གསུངས་དོན། ད་ཐེངས་ཨ་ཧྥེ་རི་ཁར་འཚམས་འདྲིར་ཡོང་བ་ནི་ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་གིས་ལོ་36བསྟུད་མར་ཨ་ཧྥེ་རི་ཁར་འཚམས་འདྲི་བྱས་པ་ཞིག་རེད། ལོ་36ཡུད་ཙམ་ཞིག་ལ་འདས་ཤིང་། དེའི་རིང་འགྱུར་ལྡོག་ཇི་སྙེད་བྱུང་བ་དང་ལོ་ཟླ་རེས་མོས་ཀྱིས་འཁོར་མོད། འོན་ཀྱང་ཀྲུང་གོས་ཨ་ཧྥེ་རི་ཁར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་མྱོང་མེད། ང་ཚོས་སྲོལ་རྒྱུན་དེ་མཐའ་འཁྱོངས་དང་དར་སྤེལ་བཏང་ནས་འཛམ་གླིང་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་དེ་ཡུལ་དུས་ཀྱི་བར་མཐོངས་ཚོད་འཛིན་ལས་བརྒལ་བ་དང་། རྒྱལ་སྤྱིའི་གནས་བབ་ཀྱི་འགྱུར་ལྡོག་ལས་བརྒལ་བ། དུས་གཅིག་དོན་གཅིག་གི་རྙོག་འཛིང་ལས་བརྒལ་ཞིང་། ཐུན་མོང་གི་འདུ་ཤེས་དེས་ང་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་པ་དང་དར་རྒྱས་གོང་འཕེལ་མགྱོགས་པོ་གཏོང་བའི་དགོས་མཁོ་དེས་ང་ཚོ་དམ་པོར་སྦྲེལ་བ་གསལ་པོར་བསྟན་ཡོད། གོ་ལ་ཧྲིལ་པོའི་ལྷོ་ལྷོ་མཉམ་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་ནང་སྐྱེས་སྒུལ་ཤུགས་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། འོད་ཟེར་སྟོང་ལྡན་གྱི་འཕེལ་རྒྱས་མདུན་ལམ་ཡང་མངོན་གྱི་ཡོད།
ཝང་དབྱི་ཡིས། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་མཛའ་མཐུན་དང་ཡིད་ཆེས་དེ་གཤམ་གསལ་ཕྱོགས་གསུམ་དུ་གཅིག་སྡུད་བྱས་ཆོག་ཅེས་གསུངས་པ་སྟེ།
གཅིག་ནི་ཐུན་མོང་ཐོག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ་དེ་ཡིན། གཉིས་ནི་ཐུན་མོང་ཐོག་ཡར་རྒྱས་བརྩོན་ལེན་བྱེད་པ་དེ་ཡིན། གསུམ་ནི་ཐུན་མོང་ཐོག་གཉིས་ཕན་དར་སྤེལ་གཏོང་བ་དེ་ཡིན་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ནི་མཉམ་དཀྲོལ་རོལ་དབྱངས་ཤིག་ཡིན་པ་ལས་ཁེར་དཀྲོལ་རོལ་དབྱངས་ཤིག་མིན། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་དོན་གཉེར་བྱེད་པ་ནི་གཉིས་ཁེ་གཉིས་ཕན་ཡོང་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་ཕན་ཚུན་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་སྔར་ལས་ལྷག་པ་བྱ་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དག་ཨ་ཧྥེ་རི་ཁར་སྔར་ལས་དོན་འཁྱོལ་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཞིང་ལས་དང་། གཏེར་ཁ། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་སུ་གཉིས་ཕན་མཉམ་ལས་གཏིང་ཟབ་བྱ་རྒྱུ། དེང་རབས་ཅན་གྱི་རྒྱང་ལམ་དུ་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་འདོད་ཡོད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་བདེ་གཞོན་པས་ཞུས)