འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འདས་གྲོངས་སོང་བའི་གྲགས་ཅན་ལོ་རྒྱུས་ས་ཁམས་རིག་པ་མཁས་ཅན་ཐན་ཆི་ཤང་གིས་སྒྲིག་བཟོ་བྱས་པའི《ཀྲུང་གོའི་ལོ་རྒྱུས་ས་བཀྲ་ཕྱོགས་བསྒྲིགས》ལ་བཟོ་བཅོས་རྒྱག་པའི་ལས་དོན་ཧྲང་ཧའེ་རུ་སྤེལ་འགོ་ཚུགས་པ་རེད།
1982ལོར་ལེའུ་རེ་རེ་བཞིན་གཏོན་པ་ནས་བཟུང་། 《ཀྲུང་གོའི་ལོ་རྒྱུས་ས་བཀྲ་ཕྱོགས་བསྒྲིགས》ནི་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་ལས་རིགས་ཀྱིས་ཀྲུང་གོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ཚིག་མཛོད་ཅིག་ཏུ་གྱུར་ཡོད་ལ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་མི་ཆོས་རིག་གནས་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་གལ་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཧྥུའུ་ཏན་སློབ་ཆེན་གྱིས་བཟོ་བཅོས་ལས་དོན་དེ་རིག་ཚན་གསར་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཁྲིད་སྟོན་རང་བཞིན་གྱི་འདུ་འགོད་ལ་བརྩིས་ནས། རྨང་གཞི་དེའི་ཐོག་སྤུས་ཚད་མཐོ་བའི་རིག་གཞུང་དང་མི་སྣ་གསོ་སྐྱོང་གི་གྲུབ་འབྲས་ཁག་གཅིག་ཐོབ་པ་བྱ་རྒྱུ་རེད། “ང་ཚོས་གཟབ་ནན་དང་བདེན་འཚོལ་གྱི་སློབ་གཉེར་རྣམ་འགྱུར་དང་གསར་གཏོད་བྱེད་ཕོད་པའི་རིག་གཞུང་གི་བློ་སྟོབས་ལ་བརྟེན་ནས་སྔོན་བྱོན་མཁས་པར་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་རིགས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བརྩམས་ཆོས་ཤིག་གཏོད་ཀྱི་ཡིན”ཞེས་ཧྥུའུ་ཏན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཆིའུ་ཤིན་གྱིས་བརྗོད་པ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བསོད་བདེ་ཆེ་བས་ཞུས)