འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་22ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24456ཟིན་པ་དེ་ལོ་གོང་མ་ལས་6%དངོས་སུ་འཕར་ཡོད་པ་རེད།
2025ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་ཀྱི་འཕར་ཐང་ལོ་གོང་མ་ལས་5.6%འཕར་ཡོད་པ་དང་། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ཏེ། ཞིང་པར་རང་ས་རང་ཡུལ་དང་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། གྲོང་གསེབ་ཀྱི་གཙང་སྦྲ་དོད་པའི་གསང་སྤྱོད་ཁྱབ་ཚད་77%ཙམ་ཟིན་པ་དང་། ཆུ་དང་། གློག གཞུང་ལམ། སོལ་རླངས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་64%ལས་བརྒལ་ཡོད། ཞིང་འཕྲུལ་སྒྲིག་ཆས་ཞིབ་བཟོ་བཀོལ་སྤྱོད་བྱེད་མགྱོགས་སུ་ཕྱིན་ནས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་76.7%ཟིན་ཡོད། རིག་ལྡན་ཞིང་ལས་བཀོལ་སྤྱོད་བྱ་ཡུལ་གྱི་འཁོར་འབྲེལ་ཧྲིལ་པོ་རྒྱ་ཆེར་ཕྱིན་ནས་ཞིང་སྤྱོད་མི་མེད་གནམ་གྲུ་ཁྲི་30ལྷག་ཙམ་ཟིན་པ་དང་། ལོར་ལས་ཀ་བྱེད་པའི་རྒྱ་ཁྱོན་མུའུ་དུང་ཕྱུར་4.6ལས་བརྒལ་ཡོད་པ་རེད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། ལྷག་པ་ཚེ་རིང་གིས་ཞུས)