ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་23ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའུ་ལཱ་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 2024ལོར་ང་དང་ཙུང་ཐུང་ལུའུ་ལཱ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལ་འཛུགས་སྐྲུན་བྱེད་པའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པར་གོང་མཐོར་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ལོ་གཅིག་ལྷག་ཙམ་རིང་། རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་འཕེལ་ཕྱོགས་བདེ་བླག་བྱུང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་བྱུང་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོཌ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་མིག་དཔེ་བཏོད་ཡོད། འདི་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་པར་ཙིར་དབར་གྱི་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་དང་ཀྲུང་པར་དབར་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་དང་ཟང་ཟིང་ཆེ་བས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ངོས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན་པ་དེར་ཡང་དག་པའི་ལོ་རྒྱུས་ཀྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ཏེ། རྒྱལ་ཁབ་གཉིས་པོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་དེ་བས་སྲུང་སྐྱོང་ཡག་པོ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་གནས་བབ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་ཡག་པོ་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ལུའུ་ལཱ་ཡིས་གསུངས་དོན། 2024ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་སྟེ། པར་ཙིར་དང་ཀྲུང་གོའི་འབྲེལ་བ་དེ་ལག་གདང་སྦྲེལ་ནས་དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཆོག་པའི་སྐར་མའི་གོ་ལ་འཛུགས་སྐྲུན་བྱེད་པའི་ལས་དབང་གཅིག་མཐུན་ཚོགས་པའི་མཐོ་ཚད་གསར་པ་ཞིག་ཏུ་གོང་མཐོར་བཏང་བས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོ་དང་། ལ་ཏིང་མེ་གླིང་དང་ཀྲུང་གོ་དབར་གྱི་འབྲེལ་བ་འཕེལ་རྒྱས་སྔར་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། པར་ཙིར་དང་ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་རང་མོས་ཉོ་ཚོང་མཐའ་འཁྱོངས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཀྱིས་མི་རྣམས་ལ་སེམས་ཁྲལ་ཆེན་པོ་བཟོ་བཞིན་ཡོད་པས། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)