《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月11日

ཧོ་ནན་ཀྲེང་ཀྲོའུ་ཅིན་ཧྲུའེ་ཆུས་ཀྱིས་རྒན་རྒོན་ལ་ཕོགས་སྣོན་ཁ་གསབ་དངུལ་སྤྲོད་པའི་ལས་དོན་ལ་ཆེད་དོན་ཞིབ་བཤེར་བྱས་པ།

ཁུངས་སྣེ་གཅིག་ནས་མ་དངུལ་ཚད་བརྒལ་སྤྲོད་པའི་གནད་དོན་ཐག་གཅོད་ཐུབ་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཝུན་ཧའོ།

“ཧྲུན་སན་སྡེ་ཁུལ་གྱི་རྒན་རྒོན་ཞིག་གྲོངས་ནས་ལོ་ཕྱེད་ལྷག་ཙམ་སོང་ཡང་། ཕོགས་སྣོན་ཁ་གསབ་དངུལ་མུ་མཐུད་སྤྲོད་དོན་གང་ཡིན་ནམ” ཉིན་ཤས་གོང་། ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་ཅིན་ཧྲུའེ་ཆུས་སུ་ཞིབ་དཔྱོད་ལས་ཁུངས་ཀྱིས་རྩིས་སྤྲད་པའི་ཁུངས་སྣེ་ཞིག་ལ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་པ་ལི་ཐེན་ཀྲུང་གིས་དོ་སྣང་བྱུང་ཡོད།

“རྒན་རྒོན་ཁག་གཅིག་གྲོངས་ཟིན་ཡང་རྒན་རྒོན་གྱི་ཕོགས་སྣོན་ཁ་གསབ་དངུལ་སྔར་བཞིན་ཟླ་རེར་དངུལ་ཁང་གཱ་ནང་རྒྱག་གི་ཡོད། གནས་ཚུལ་དེ་རིགས་ལ་སྣང་ཆུང་བྱེད་མི་རུང” ལི་ཐེན་ཀྲུང་གིས་འཕྲལ་དུ་གནད་དོན་དེར་བརྟག་དཔྱད་བྱས་པ་རེད།

ཧྲུན་སན་སྡེ་ཁུལ་དུ། ལི་ཐེན་ཀྲུང་གིས་འབྲེལ་ཡོད་དཔྱད་གཞི་བཙལ་ནས་གྲངས་གཞིར་བསྡུར་བ་བྱས་པ་བརྒྱུད། གནས་ཚུལ་དེ་ནི་སྡེ་ཁུལ་གྱི་ལས་མི་ཞིག་གི་ལྷོད་གཡེང་ཤོར་བའི་དབང་གིས་གྲོངས་ཟིན་པའི་རྒན་རྒོན་གྱི་ཆ་འཕྲིན་ལ་དུས་ཐོག་ཏུ་ཞིབ་བཤེར་གྱིས་ཐོ་ཁུངས་ནས་མ་བསུབས་སྟབས། རྒན་རྒོན་གྱི་ཕོགས་སྣོན་ཁ་གསབ་ཚད་བརྒལ་སྤྲད་པ་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་ཡོད།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་པར། 2020ལོར། རང་རྒྱལ་གྱི་མི་དང་ཐེམ་ཐོ་ལོགས་སུ་དབྱེ་བའི་མི་གྲངས་དུང་ཕྱུར་4.93ཟིན་པ་དེས་རྒྱལ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་35%ཙམ་བཟུང་ཡོད་པས། དེས་སྡེ་ཁུལ་གྱི་ལས་དོན་པས་ཆ་འཕྲིན་བདེན་མིན་ཞིབ་དཔྱད་བྱེད་རིང་དཀའ་ངལ་མི་ཉུང་བ་ཞིག་བཟོས་ཡོད།

དེ་རྗེས་སླར་ཡང་བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། ལི་ཐེན་ཀྲུང་གིས་ཕོགས་སྣོན་ཁ་གསབ་དངུལ་ཚད་བརྒལ་སྤྲོད་པའི་གནས་ཚུལ་དེ་རིགས་རེ་གཉིས་ཙམ་མིན་པ་ཤེས་རྟོགས་བྱུང་ཞིང་། ཁོང་གིས་གོང་རིམ་ལ། བསྡུར་བ་གཏིང་ཟབ་བྱས་ཏེ་ཆུས་ཡོངས་ཀྱི་རྒན་རྒོན་ལ་ཕོགས་སྣོན་ཁ་གསབ་དངུལ་སྤྲོད་པའི་ལས་དོན་ལ་ཆེད་དོན་ཞིབ་བཤེར་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད།

ཡུན་རིང་མ་འགོར་བར། ཅིན་ཧྲུའེ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དམངས་སྲིད་དང་འཕྲོད་བསྟེན་བདེ་ཐང་སོགས་འགན་ནུས་སྡེ་ཚན་དང་མཉམ་དུ་ལྟ་ཞིབ་ཚོགས་ཆུང་ཁག་3བཙུགས་ནས་ཆུས་ཡོངས་སུ་ཆེད་དོན་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཁྲོམ་གཞུང་8ཀྱི་སྡེ་ཁུལ་11ལ་གནས་ཚུལ་དེ་རིགས་ཡོད་པ་ཤེས་རྟོགས་བྱུང་སྟེ། ཕོགས་སྣོན་ཁ་གསབ་དངུལ་ཚད་བརྒལ་སྤྲོད་པའི་གནད་དོན་ཁག་126གྲལ་བཤེར་ཐུབ་པ་ལས། མཐར་མི་14ལ་ཐག་གཅོད་བྱས་པ་དང་ཚད་བརྒལ་སྤྲད་པའི་མ་དངུལ་ཚང་མ་བདའ་འདེད་བཏང་བ་རེད།

གྱོད་འབྲེལ་མི་སྣར་ཐག་གཅོད་བྱས་པ་དང་མ་དངུལ་བདའ་འདེད་བཏང་བ་ཙམ་གྱིས་གནས་ཚུལ་རྦད་དེ་ཐག་ཆོད་པ་ཡིན་ནམ་ཞེ་ན།

“གྱོད་འབྲེལ་མི་སྣར་ཐག་གཅོད་དང་དངུལ་བདའ་འདེད་གཏོང་བ་ནི་སྐབས་འཕྲལ་གྱི་བཅོས་ཐབས་ཙམ་ཡིན་པས། རྩ་བ་བཅོས་པར་ད་དུང་གནད་དོན་གྱི་འབྱུང་རྩ་ཐག་གཅོད་བྱེད་དགོས” ལི་ཐེན་ཀྲུང་དང་ལས་རོགས་ཚོས་སྡེ་ཁུལ་མང་པོར་མཉམ་དུ་བརྟག་ཞིབ་བྱས་མཐར། གནད་དོན་དེ་རིགས་ཀྱི་འབྱུང་རྩ་ནས་གསེད་བཀྲོལ་དང་དབྱེ་ཞིབ་ཐུབ་པ་སྟེ། དེ་ནི་ཆ་འཕྲིན་མཉམ་སྤྱོད་ཡག་པོ་མི་ཐུབ་པ་དང་། འགུལ་རྣམ་གྲལ་བཤེར་གྱི་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། ཞིབ་བཤེར་གྱི་འགན་འཁྲི་ནན་དཀྲི་ཐུབ་མེད་པ་བཅས་ལས་བྱུང་བ་ཞིག་རེད།

དེ་རྗེས། ཅིན་ཧྲུའེ་ཆུས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཆུས་དམངས་སྲིད་སྡེ་ཚན་ལ་ལྟ་ཞིབ་གྲོས་འགོ་བཏོན་ཏེ། 《རྒན་རྒོན་གྱི་ཕོགས་སྣོན་ཁ་གསབ་དངུལ་སྤྲོད་པར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བའི་ལས་ཀའི་ལམ་སྲོལ》འདོན་པར་སྐུལ་འདེད་བཏང་བ་རེད། ལམ་སྲོལ་དེའི་ནང་། སྡེ་ཁུལ(གྲོང་ཚོ)གྱིས་ཟླ་བ་སོ་སོར་ཕོགས་སྣོན་ཁ་གསབ་དངུལ་སྤྲོད་ཡུལ་ལ་འགུལ་རྣམ་མཐིལ་རྟོགས་བྱེད་དགོས་པ་དང་། ཆུས་དམངས་སྲིད་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་ཁག་ནས་གོང་ཞུ་བྱས་པའི་རྒྱུན་གཏན་མིན་པའི་གྲངས་གཞིར་གཞིགས་ནས་འཐེན་བཤེར་བྱས་ཏེ། ཞིབ་བཤེར་གྱི་འགན་འཁྲི་ནན་དུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

ལམ་སྲོལ་ཁྱབ་གདལ་བཏང་རྗེས། ལི་ཐེན་ཀྲུང་ཅིན་ཧྲུའེ་ཆུས་རིག་རྩལ་ལྷན་ཚོགས་ཀྱི་སྡེ་ཁུལ་དུ་བརྟག་ཞིབ་བྱེད་པར་བསྐྱོད་ཅིང་། གཞུང་དོན་ཁང་དུ་ལས་དོན་པ་ཀྲང་ལེ་ཡིས་གློག་ཀླད་ཀྱི་མདུན་དུ་བསྡད་དེ་སྨན་ཁང་དང་དམངས་སྲིད་སྡེ་ཚན་ནས་བསྐུར་བའི་གྲངས་གཞིར་ཞིབ་བསྡུར་བྱེད་ཞོར་གྲོངས་ཟིན་པའི་རྒན་རྒོན་ལ་རྒན་རྒོན་གྱི་ཕོགས་སྣོན་ཁ་གསབ་དངུལ་སྤྲོད་མཚམས་འཇོག་པའི་འགྲོ་ལུགས་གཉེར་བཞིན་ཡོད་པ་རེད། ཀྲང་ལེ་ཡིས“ད་ཆ་སྡེ་ཚན་ལས་སྒྲོལ་བའི་གྲངས་གཞིའི་གཤིབ་བསྡུར་དང་མ་དངུལ་བདའ་འདེད་ཀྱི་ལམ་སྲོལ་ཡོད་པས། དམངས་འཚོའི་མ་དངུལ་དེ་བས་གནད་སྨིན་ངང་སྤྲོད་ཐུབ་ཀྱི་འདུག”ཅེས་བརྗོད།

ཁུངས་སྣེ་གཅིག་བརྒྱུད་བརྟག་ཞིབ་གཏིང་ཟབ་བྱེད་ཐུབ་པ་དང་། བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད་གཞི་རིམ་བཅོས་སྐྱོང་ལེགས་སུ་གཏོང་ཐུབ། ཅིན་ཧྲུའེ་ཆུས་ཨུད་ཀྱི་རྒྱུན་ཨུ་དང་། ཆུས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ཆུས་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཆིན་ཏ་ཏུང་གིས“ང་ཚོས་བརྟག་དཔྱད་ཞིབ་འཇུག་ཡག་པོ་དང་ཕུགས་ཕན་ཡོང་གང་ཐུབ་བྱས་ནས། གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་མ་ཟད། མང་ཚོགས་དབར་གྱི་བརྩེ་དུང་ཡང་ཟབ་ཏུ་གཏོང་གང་ཐུབ་བྱེད་ཀྱི་ཡོད”ཅེས་བརྗོད།

(ཕུར་སྒྲོན་གྱིས་བསྒྱུར། དམ་ཆོས་མི་ཕམ་གྱིས་ཞུས)