བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་ནས་རླངས་འཁོར་བཏང་སྟེ་ཤར་ཕྱོགས་སུ་གནས་པའི་གོར་མོར་སྐྱོད་པ་ན། ལམ་གྱི་གཞོགས་གཅིག་ནི་བྱང་ཐང་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་དང་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་གི་བྱང་ཐང་སྐྱ་མོ་ཡིན་པ་དང་། གཞོགས་གཞན་ཞིག་ནི་དེ་དང་མུ་ལ་མུ་འབྲེལ་གྱི་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན། མུ་མཐའ་མེད་པའི་གནམ་སའི་བར་དུ་སྐྱོད་པ་ནི་ཅི་འདྲའི་ཧ་ལས་ཧང་སངས་དགོས་པ་ཞིག་རེད་ཨང་།
ད་ཐེངས་ཀྱི་འགྲུལ་བཞུད་ནང་། ལོ་27ལ་སླེབས་པའི་ཀརྨ་དོན་གྲུབ“སྐོར་སྐྱོད་བཅར་འདྲི་བྱེད་སར”(སྐོར་སྲུང་ཚོགས་ཆུང་གིས་ཁ་ལོ་བའི་གཡས་ཀྱི་སྡོད་སར་ཆེད་མངགས་བཀོད་སྒྲིག་བྱས་པ)སླེབས། ཁོང་ནི་ཉི་མ་རྫོང་ཆུ་རུ་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་བ་ཞིག་རེད། ལོ་17ལ་སློབ་འབྲིང་ཐོན་རྗེས་ཁྱིམ་དུ་ལོག་ནས་ཕ་མར་ཕྱུག་འཚོ་རོགས་བྱས། ཕྱིས་སུ་བདག་སྐྱོང་ས་ཚིགས་བཙུགས་ནས་ལས་མི་བསྡུ་སྐབས་དེ་གར་མིང་ཐོ་བཀོད། གང་ལགས་ཤེ་ན“བདག་སྐྱོང་ས་ཚིགས་སུ་ལས་ཀ་རག་ན་ཕ་མར་ལྟ་རྟོག་དང་ལས་ཞུགས་ཀྱང་ཐུབ་པས་གཅིག་གོ་ཉིས་ཆོད་རེད”ཅེས་ཁོང་གིས་བརྗོད།
འོན་ཀྱང་ད་ཆ་བདག་སྐྱོང་ས་ཚིགས་རང་ཉིད་ཀྱི་ཁྱིམ་དུ་བརྩི་མཁན་གཞོན་ནུ་འདིས་སྔོན་མ་ལས་ཀ་འདི་བློས་གཏོང་རྩིས་ཀྱི་བསམ་བློ་འཁོར་མྱོང་།
བདག་སྐྱོང་ས་ཚིགས་ཐོག་མར་འཛུགས་སྐབས། དངོས་ཟོག་གྲ་སྒྲིག་དེ་ཙམ་ཚགས་ཚུད་པོ་བྱུང་མེད་པས། སྐོར་སྲུང་བྱེད་སྐབས་རྐང་ཐང་ཁོ་ནར་སྐྱོད་དགོས། “ཉིན་ལྟར་རྐང་ཐང་མར་ཆུ་ཚོད་བཞི་ལྔ་ཙམ་སྐྱོད་དགོས”“མི་མེད་ལུང་སྟོང་དུ་ཁང་མིག་ཁ་ཤས་བསྲུངས་ནས་བསྡད་ན་ཧ་ཅང་ཉོབ་ཀྱི་འདུག རྟག་ཏུ་སློབ་གྲྭར་འགྲོ་སྐབས་མཐོང་མྱོང་བའི་ཕྱི་རོལ་གྱི་འཇིག་རྟེན་དྲན་གྱི་འདུག་ཕྱི་ཕྱོགས་སུ་འགྲོ་བའི་བསམ་བློ་འཁོར་གྱི་འདུག”ཅེས་ཀརྨ་དོན་གྲུབ་ཀྱིས་བརྗོད།
ཟླ་བ་གཅིག་གི་འཁོར་ཞག་རིང་ཁྱིམ་དུ་ལོག་སྐབས། འབྲོག་རྭའི་ནང་གི་ལུག་ཁྱུའི་ཁྲོད་ནས་སྟོད་སྒུར་སྒུར་ཆགས་པའི་ཕ་མ་གཉིས་ཀྱི་གཟུགས་བརྙན་རྒྱང་རིང་ནས་མཐོང་སྐབས། ཁོང་གིས་བརྗོད་འདོད་པའི་སྐད་ཆ་མང་པོ་ཞིག་ཁ་ནས་མ་དོན། དེ་མ་ཉིད་དུ་མདུན་ཕྱོགས་སུ་རྒྱུག་ནས་ཕ་མའི་ལག་ནས་ལྕག་ཚན་དེ་བླངས་ནས་ཕ་མ་གཉིས་དང་མཉམ་དུ་ལུག་ཁྱུ་ལྷས་རར་དེད། ཕྱི་རོལ་དུ་འགྲོ་འདོད་ཀྱི་བསམ་བློ་འདི་ཁྱིམ་མི་མཉམ་འཛོམས་དང་བསྡུར་ན་གང་ཡང་མིན།
འཁོར་ཞག་རྫོགས་པ་དང་ཁོང་བདག་སྐྱོང་ས་ཚིགས་སུ་ལོག ད་ཐེངས་ལོག་ཡོང་སྐབས“བདག་སྐྱོང་ས་ཚིགས་ལ་ལོ་གསར་གཏོང་བ་ལྟ་བུའི་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཕི་ཁ་རླངས་འཁོར་གསར་པ་དང་། སྦག་སྦག་གསར་པ། དེ་བཞིན་དྲོད་སྲུང་ལྭ་བ་མཐུག་པོ་དང་། རབ་གསལ་རྒྱང་ཤེལ། འཕྲལ་སྡོམ་རོགས་སྐྱོབ་སྒྲིག་ཆས་སོགས་གང་དགོས་འཛོམས་པས”སྐོར་སྲུང་བྱེད་རྒྱ་སྔར་བས་ཆེ་རུ་ཕྱིན།
ཀརྨ་དོན་གྲུབ་དགའ་ཚོར་དཔག་མེད་བྱུང་བ་ནི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མང་དུ་ཕྱིན་པ་དེ་རེད། “བདག་སྐྱོང་ས་ཚིགས་ཐོག་མར་བཙུགས་པའི་ལོ་དེར། ང་ཚོས་ཟིན་བྲིས་སུ་འཁོད་པའི་གཙོད་དང་། འབྲོང་། གསའ། དྲེད་མོང་། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གྲངས་འབོར་ཁྲི་གསུམ་བཞི་ཙམ་ལས་མི་འདུག ཕྱི་ལོར་བསྡོམས་འབོར་ཁྲི་ལྔ་ལྷག་ཙམ་ཟིན་སོང”ཞེས་འཛུམ་དམུལ་དམུལ་ངང་བཤད།
རླངས་འཁོར་མཚོ་སྔོན་གྱི་ས་ཁོངས་སུ་སླེབས། ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ང་ཚོས་དེ་གར་ཐོན་པའི་ཡིད་སྐྱོ་བའི་གཏམ་རྒྱུད་ཐོས་བྱུང་། དུས་རབས་20པའི་ལོ་རབས་90པར་ལྐོག་རྔོན་བྱས་རྐྱེན་གཙོད་ཀྱི་གྲངས་འབོར་ཉུང་དུ་ཕྱིན་ནས་ཁྲི་2ཡང་ཟིན་གྱི་མེད། དེ་རྗེས་དཔའ་བོ་བསོད་ནམས་དར་རྒྱས་ལྟ་བུའི་སྲུང་སྐྱོང་བ་མང་པོའི་དྲིན་གྱིས་ད་ཆ་གཙོད་ཀྱི་གྲངས་འབོར་ཁྲི་7ལྷག་ཙམ་ཟིན་གྱི་ཡོད།
ད་ཐེངས་ཀྱི་འགྲུལ་བཞུད་རིང་པོ་དེ་ལས་ཀརྨ་དོན་གྲུབ་ཀྱི་མཐོང་རྒྱ་ཇེ་ཆེར་ཕྱིན་ཡོད། ཁོང་གིས་བོད་ལྗོངས་ས་ཁོངས་ནས་བབས་པའི་ཆུ་བོ་ཆེན་པོར་ས་ཆ་མི་འདྲ་བར“དམར་ཆུ་དང་། འབྲི་ཆུ། ཆུ་བོ་གསེར་ལྡན”སོགས་མིང་མི་འདྲ་བ་མང་པོ་བཏགས་པ་ཐོས་པ་དང་། རང་ཉིད་ཀྱིས་ཉིན་ལྟར་ལྟ་སྲུང་བྱེད་པའི་ཐང་སྟོང་དང་མུ་ལ་མུ་འབྲེལ་གྱི་དེ་བས་ཡངས་ཤིང་རྒྱ་ཆེ་བའི་སྐྱེ་ཁམས་མཛེས་ལྗོངས་མཐོང་བ་མ་ཟད། ད་དུང་རང་ཉིད་ཁེར་རྐྱང་གི་ལྟ་སྲུང་བ་ཞིག་མིན་པར་ལས་རིགས་གཅིག་པ་མང་པོ་ཡོད་པ་ཡང་ཤེས་པས། ཁོང་གིས་ལས་ཀ་དེར་བཅངས་པའི་དགའ་ཞེན་དང་འགན་འཁྲི་ཉིན་བཞིན་ཆེ་རུ་ཕྱིན་ཡོད་པ་རེད།
“སྐབས་སྐབས་སུ་ཧ་ལས་ཧང་སངས་དགོས་དོན་ཅི་ཡིན་ནམ། ལམ་བུ་འདི་ནས་ང་ཚོ་རྟག་ཏུ་གཅན་གཟན་རི་དྭགས་ཀྱི་ཚོགས་དང་བརྗིད་ཆགས་ཡིད་དུ་འོང་བའི་འཁྱགས་རོམ། ལང་ལོང་དུ་རྒྱུག་པའི་ཆུ་བོ་བཅས་ཀྱི་ངོ་མཚར་ལ་ཧང་སངས་ཤིང་། ང་ཚོའི་མདུན་སྐྱོད་ཀྱི་སྤོབས་པ་ནི་སྣོད་བཅུད་དེ་དག་གིས་བསྩལ་བ་ལྟར་སྣང་། འོན་ཏེ་བསམ་བློ་ཞིབ་ཕྲ་ཞིག་བཏང་ཚེ། ང་ཚོའི་སེམས་སུ་སྔ་ས་ནས་རེ་འདོད་འདི་ལྟ་བུ་ཞིག་ཡོད་པར་བརྟེན་ད་གཟོད་མཐོང་བ་ཙམ་གྱིས་མཛེས་ལྗོངས་དེ་དག་གི་དོན་སྙིང་རྟོགས་པའོ།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)