བོད་ལྗོངས་དགེ་འོས་སློབ་གསོའི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ས་གཤིན་པོར་བདེ་སྐྱིད་གཡང་འཛོམས་ཀྱིས་དཔེ་ཁྲིད་མི་སྐྱོང་གི་ལས་ལ་བགྲང་བྱ་ཉེར་གཅིག་གཞོལ་ནས་སློབ་གསོ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད། ཁོང་2004ལོར་ཧྭ་ཏུང་དགེ་འོས་སློབ་ཆེན་ནས་ཐོན་པ་དང་། ད་ཆ་ལྷ་ས་དགེ་འོས་སློབ་གླིང་རྒྱ་ཡིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཡིན་ཞིང་། སྔ་ཕྱི་བར་གསུམ་དུ་གངས་ལྗོངས་ས་མཐོའི་སློབ་གསོའི་འཐབ་ས་དང་པོ་བརྟན་པོར་བསྲུངས་ཏེ་དགེ་འོས་ཀྱི་སློབ་བུ་མང་པོའི་འཚར་ལོངས་ལམ་བུའི་ལམ་སྟོན་པར་གྱུར།
གཅེས་སེམས་ཀྱི་སྒྲོན་མེ་བཏེགས་ནས་སློབ་མའི་འཚར་ལོངས་ཀྱི་ལམ་བུ་གསལ།
བདེ་སྐྱིད་གཡང་འཛོམས་ཀྱིས་སློབ་མ་རེ་རེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ས་བོན་ལ་ཆ་འཇོག་པ་དང་། སྔ་ཕྱི་བར་གསུམ་དུ་ལྷད་མེད་ཀྱི་བརྩེ་བ་ཟབ་མོ་བཅངས་ནས་སློབ་ཕྲུག་སྐྱོང་བཞིན་ཡོད། ཁོང་གིས“ངའི་སློབ་ཁྲིད་ཀྱིས་དུས་ཚོད་གསེར་ལས་དཀོན་པའི་སློབ་མ་ཚོར་ཕན་པ་ཅི་ཞིག་སྐྲུན་ཐུབ་བམ”ཞེས་མནོ་བསམ་ཡང་ཡང་གཏོང་གི་ཡོད་ཅིང་། སློབ་ཆེན་གྱི་ལོ་ཟླ་ནི་སློབ་མའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་བསྐྱར་ཟློས་བྱེད་ཐབས་གཏན་ནས་མེད་པའི་དུས་མཚམས་ཤིག་ཡིན་པས། ཁོང་གིས་སློབ་མ་དང་འགྲོགས་པའི་ལས་དབང་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། སློབ་མའི་མི་ཚེའི་ལམ་བུར་མཉམ་དུ་འགྲོགས་རྒྱུ་བྱུང་བར་སེམས་གཏིང་ནས་དགའ་བ་སྒོམ་བཞིན་ཡོད།
འཛིན་བདག་བྱེད་རིང་། ཁོང་གིས་སློབ་མ་མི་རེ་ངོ་རེའི་ཁྱིམ་ཚང་གི་གནས་ཚུལ་དང་། སློབ་སྦྱོང་གི་སྦྱངས་འབྲས། འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་གསལ་པོ་བྱེད་ཀྱི་ཡོད། སློབ་མ་ནད་ཀྱིས་མནར་སྐབས་ཁོང་གིས་རྟག་ཏུ་འཕྲལ་མར་སྨན་ཁང་དུ་ཁྲིད་ནས་སྨན་རིན་རང་གིས་སྔོན་ལ་གཏོང་བ་དང་ལྟ་སྐྱོང་གང་ལེགས་བྱེད་ཅིང་། སློབ་མར་དཀའ་ངལ་འཕྲད་སྐབས་ཁོང་གིས་ངང་རྒྱུད་རིང་པོས་སྙིང་གཏམ་ཉན་ནས་རོགས་པ་གང་ཐུབ་བྱེད་པ། སེམས་ཁྲལ་ཆེ་བ་དང་ཐ་ན་སེམས་སྦུག་དོག་པའི་སློབ་མར་ཁོང་གིས་བསམ་ཤེས་གང་ཐུབ་དང་བློ་སྒོ་འབྱེད་གང་ཐུབ་བྱས་ནས་སྔ་ཙམ་སེམས་ནད་ལས་གྲོལ་ཐབས་བྱེད་ཀྱི་ཡོད།
ཁོང་གི་སློབ་མ་ཝང་ཐན་ཐན་ནི་མཱ་ཡུན་གྱིས་རོགས་སྐྱོར་བྱེད་པའི་གྲོང་གསེབ་དགེ་འོས་སློབ་མ་ཞིག་ཡིན་པའི་ཆ་ནས། འཇོ་མདའ་རྫོང་དཔལ་ཤང་སློབ་ཆུང་དུ་རང་འཁྲིའི་ལས་ལ་ཧུར་ཐག་གཞོལ་བཞིན་ཡོད་པ་དང་། “2022ལོར་རྒྱལ་ཡོངས་མཐོ་སློབ་སློབ་ཐོན་སློབ་མའི་གཞི་རིམ་ལས་ཞུགས་ཀྱི་ཕུལ་བྱུང་བྱ་དགའ”ཐོབ་ཡོད། དེ་བཞིན་ལས་ཀར་ཞུགས་ནས་ལོ་གཅིག་གཉིས་སོང་བའི་སློབ་མ་མང་པོ་རྫོང་རིམ་པའི་སློབ་ཁྲིད་འགྲན་བསྡུར་ནས་རང་སྐྱོང་ལྗོངས་རིམ་པའི་འགྲན་བསྡུར་ལ་ཚུད་དེ། རྨང་གཞི་ཡག་པོར་བརྟེན་ནས་གངས་ལྗོངས་དགེ་འོས་སློབ་མའི་ཉམས་བཟང་ངོམ་བཞིན་ཡོད།
སློབ་དཔྱོད་རྨང་གཞིར་བྱས་ནས་སློབ་ཚན་སྒྱུར་བཅོས་ཀྱི་ལག་ལེན་ལ་ཧུར་ཐག་ཞུགས།
དགེ་འོས་སློབ་གསོར་བརྩེ་སེམས་ཀྱི་ཁྲིད་སྟོན་དགོས་ལ་ཐབས་ཤེས་ཀྱི་འདེགས་སྐྱོར་ཡང་དེ་བས་དགོས་པ་བདེ་སྐྱིད་གཡང་འཛོམས་ཀྱིས་གསལ་པོ་ཤེས་ཀྱི་ཡོད། རྒྱ་ཡིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་དང་སློབ་ཆུང་རྒྱ་ཡིག་སློབ་གསོའི་ཆེད་ལས་ཀྱི་འགན་འཁུར་བ་ཞིག་གི་ངོས་ནས། ཁོང་གིས་སློབ་དཔྱོད་ཀྱི་སྒྱུར་བཅོས་མང་པོར་སྐུལ་འདེད་ཧུར་ཐག་བཏང་བ་སྟེ། “རྒྱ་ཡིག་ཆེད་ལས་དགེ་རྒན་གྱི་སློབ་ཁྲིད་ཚོགས་པ་བཙུགས་པ”དེས་སློབ་ཚན་བཀོད་སྒྲིག་ཐ་ཐོར་ཡིན་པ་དང་དགེ་རྒན་དབར་སྤེལ་རེས་ཉུང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས། “སློབ་ཚན་གྱི་འགན་འཁུར་བ་དང་སྐས་རིམ་ཚོགས་པ”ཟུང་འབྲེལ་གྱི་མཐུན་སྦྱོར་ཟབ་མོའི་ལམ་སྲོལ་བཙུགས་པ་དང་། ཁོང་གིས“སློབ་ཆུང་རྒྱ་ཡིག་སློབ་ཚན་དང་སློབ་ཁྲིད”སོགས་ཀྱི་སློབ་ཚན་གཙོ་བོའི་སློབ་ཁྲིད་ཐབས་ལམ་ལེགས་སུ་བཏང་ནས་སློབ་ཁྲིད་ཀྱི་རྩ་གནད་ལ་ལེགས་བཅོས་བྱས་པ་མ་ཟད། “རི་མོའི་བརྩམས་ཆོས་ལྟ་ཀློག་མཛུབ་ཁྲིད་དང་ལག་ལེན”སོགས་ཀྱི་ཁྱད་ལྡན་འདེམས་སྦྱོང་སློབ་ཚན་འཚོགས་ནས་སྤུས་རྟགས་སློབ་ཚན་བདེ་བླག་ངང་བཏོད་པ་རེད།
ཁོང་གི་སློབ་ཁྲིད་འཚོལ་ཞིབ་ལ་ཁས་ལེན་རྒྱ་ཁྱབ་ཐོབ་ཅིང་། རྒྱལ་ཡོངས་མཐོ་སློབ་ཀྱི་གཞོན་ནུའི་དགེ་རྒན་གྱི་སློབ་ཁྲིད་འགྲན་བསྡུར་སྐབས་ལྔ་པར་ཁོང་ལ་རིག་གནས་ཚན་ཁག་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད། དཔྱད་འདེམས་པས“ཁོང་གི་སློབ་ཁྲིད་ནས་ང་ཚོས་ཐག་རིང་ལུང་ཁུག་ས་ཁུལ་གྱི་དགེ་འོས་སློབ་མ་རྣམས་བརྩེ་བ་ཟབ་མོས་ཇི་ལྟར་སྐྱོང་གི་ཡོད་པ་ཤེས་བྱུང”ཞེས་གདེང་འཇོག་བྱས། གཞན་ཡང་། ཁོང་གིས་བོད་སྐྱོར་དགེ་རྒན་དང་མཉམ་ལས་བྱས་ནས་སློབ་གསོའི་ལྷུག་རྩོམ་ཕྱོགས་བསྒྲིགས《གངས་ལྗོངས་ས་མཐོའི་སློབ་གསོའི་སོ་ལྟ་བ། བོད་ལྗོངས་ཀྱི་སློབ་སྐྱོར་གཏམ་རྒྱུད》དཔེ་སྐྲུན་བྱས་པ་དང་། 《བོད་ཀྱི་སློབ་ཆུང་སློབ་མའི་སློབ་ཕྱིའི་དཔེ་ཀློག་ལག་ལེན་གྱི་ཐབས་ཇུས་ཞིབ་འཇུག》སོགས་ཀྱི་དཔྱད་རྩོམ་མང་པོ་སྤེལ་ནས་སློབ་དཔྱོད་ཀྱི་འབྲས་བུ་སློབ་ཁྲིད་ཀྱི་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བར་བྱས།
འགན་འཁྲི་སེམས་ལ་བཅངས་ནས་སློབ་གསོའི་བརྩེ་བ་བརྒྱུད་སྤྲོད་བྱེད་པར་སྤྲོ།
“དགེ་འོས་དགེ་རྒན་གྱི་འགན་འཁྲི་ནི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ལ། སློབ་གསོའི་བརྩེ་བ་བརྒྱུད་སྤྲོད་བྱེད་རྒྱུ་དེའང་ཡིན” སློབ་གསོ་སློབ་ཁྲིད་ཀྱི་ལས་ཀ་ཕུད། ད་དུང་བདེ་སྐྱིད་གཡང་འཛོམས་ཀྱིས་ནམ་ཞག་རྒྱུན་དུ་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་གྱི་ཡོད། ཁོང་གིས་ཆེད་ལས་ཀྱི་ཁྱད་ཆོས་ཧུར་ཐག་བཏོན་ནས་བྱིས་པར་དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་ཐབས་བྱེད་ཀྱི་ཡོད། དྲིན་ཚོར་གླིང་སྡེ་ཁུལ་དང་ཀརྨ་དགོན་གསར་སྡེ་ཁུལ་སོགས་སུ་ཁོང་གིས་དུས་ཡུན་རིང་པོར་མ་བསྐུལ་དང་བླངས་ཀྱིས་ཕྲུ་གུ་ཚོར་རི་མོའི་བརྩམས་ཆོས་ཀྱི་གཏམ་རྒྱུད་བརྗོད་པ་དང་དཔེ་དེབ་ལྟ་ཀློག་ལ་མཛུབ་ཁྲིད་བྱེད། སློབ་གྲྭ་ཡོངས་སུ་སྤྱི་སྦྱོང་སློབ་ཚན“རི་མོའི་བརྩམས་ཆོས་ལྟ་ཀློག་མཛུབ་ཁྲིད་དང་ལག་ལེན”བཏོད་པ་བརྒྱུད། ཁོང་གིས་སློབ་མ་སློབ་ཆུང་གི་སློབ་ཚན་འཚོག་སར་ཁྲིད་དེ་ས་ཡུལ་དངོས་སུ་དམར་ཁྲིད་བྱས་ནས་སློབ་མའི་ལག་ལེན་དངོས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་དུས་མཚུངས་སློབ་མའི་སྤྱི་ཚོགས་ཀྱི་འགན་འཁྲིའི་བསམ་པ་དང་སློབ་གསོར་བཅངས་པའི་བརྩེ་བ་སྐྱོང་བཞིན་ཡོད།
བགྲང་བྱ་ཉེར་གཅིག་རིང་། བདེ་སྐྱིད་གཡང་འཛོམས་ཀྱིས་ཐོག་མའི་བསམ་འདུན་བརྟན་སྲུང་གིས་འགན་སེམས་བརྟན་པོ་བཅངས་ནས་རེ་བའི་ས་བོན་བསྐྱངས། ཁོང་ནི་གངས་ལྗོངས་ས་མཐོར་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ཇི་བཞིན་རྩ་བ་བརྟན་པོར་ཚུགས་ལ་ལོ་འདབ་རབ་ཏུ་རྒྱས་ཏེ། གཞི་རིམ་སློབ་གསོའི་ལས་ལ་གཞོལ་བའི་ཕུལ་བྱུང་དགེ་རྒན་འབོར་ཆེན་བསྐྱངས་པ་མ་ཟད། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“མཁྱེན་པ་རྒྱས་པས་དགེ སྤྱོད་གཙང་མིག་དཔེར་འོས”པའི་ནང་དོན་ཟབ་མོ་གསོན་ཉམས་དོད་པོས་མཚོན་པར་བྱས་ནས་བོད་ཀྱི་དགེ་འོས་སློབ་གསོའི་བྱ་གཞག་ལ་རྫོགས་མཐའ་མེད་པའི་དྲོ་སྐྱིད་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)