《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

ནང་སེམས་སུ་ཟུག་པ་དང་ཕྱིའི་ལག་ལེན་ལ་འཁྱོལ་བ།

——ཅི་ལིན་དང་། ཅང་ཤིས། ཡུན་ནན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱིས་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་སྤེལ་བ།

ཉིན་ཤས་བསྟུད་མར། ཅི་ལིན་དང་། ཅང་ཤིས། ཡུན་ནན། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་སོགས་ས་གནས་ཁག་དང་ཚན་པ་ཁག་གི་སྒྲོག་འགྲེལ་ཚོགས་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། སྒྲོག་འགྲེལ་བྱེད་སྟངས་སྣ་ཚོགས་སྤྱད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་བྱས་ཏེ་ཕན་འབྲས་བཟང་པོ་ཐོན་པར་བྱས་ཡོད།

རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་སྒྲོག་འགྲེལ་པ་ཚོས་སྒྲོག་འགྲེལ་ལས་དོན་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།

2025ལོའི་ཟླ་12ཚེས་3ནས་5ཉིན་བར། ཅི་ལིན་ཞིང་ཆེན་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་སུང་ཡོན་གྲོང་ཁྱེར་དུ་གཉེར་ཞིང་། རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་ལས་དོན་པ་དང་། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན། མཉམ་འདྲེས་སྨྱན་སྦྱོར་གྱི་ལས་དོན་པ། རིགས་པའི་གཞུང་ལུགས་ཀྱི་དང་བླངས་པ་བཅས་ཀྱི་འཐུས་མི་150ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཡོད། སློབ་གཉེར་བ་ཚོས་དྲིལ་བསྒྲགས་ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱས་ནས་བྱ་སྤྱོད་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་བ་རེད།

“ད་ཐེངས་ཀྱི་གསོ་སྦྱོང་ནང་ང་ཚོས་ཚོགས་རིགས་དབྱེ་བ་དང་། མཉམ་འགུལ་བྱེད་པ། དམིགས་ཡུལ་ཡོད་པ་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱེད་པའི་བླང་བྱར་སྣང་ཆེན་བྱས་ཏེ། ཞིང་ནང་དང་མུ་ཁར་བསྐྱོད་ནས་ཅི་འཕྲོས་མོལ་འཕྲོས་ཤོད་ཞོར་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པར་བྱེད་དགོས་པ་ཤེས་བྱུང”ཞེས་ཅི་ལིན་ཞིང་ཆེན་ཁྲང་དབྱི་ཆུས་ཐུའུ་ཁྲེང་ཙེ་མན་ཇུ་རིགས་ཁྲའོ་ཞན་རིགས་ཤང་གི་དྲིལ་བསྒྲགས་ཨུ་ཡོན་མ་ལིན་གྱིས་བཤད།

ཅི་ལིན་སློབ་ཆེན་དུ་འབུམ་རམས་སློབ་མའི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཁོངས་མིས་རང་ཉིད་ཀྱི་ཆེད་ལས་དང་ཟུང་འབྲེལ་གྱིས་དགེ་སློབ་ལ་སྒྲོག་འགྲེལ་ཐེངས་15བྱས་པ་དང་། ཁྲང་ཁྲུན་གྲོང་ཁྱེར་གྱི“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”སྒྲོག་འགྲེལ་སློབ་གླིང་དུ་སྒྲོག་འགྲེལ་པས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོར་འགྲེལ་བཤད་བརྒྱབ་པར་གྲོང་མིས་ནན་ཏན་ངང་ཉན་པ་དང་། པའེ་ཧྲན་གྲོང་ཁྱེར་ཧྥུའུ་སུང་རྫོང་དུ“ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་གི་རྒན་རྒོན་ལ་དམིགས་པའི་གཟིགས་སྐྱོང་སྲིད་ཇུས”སྐོར་སྒྲོག་འགྲེལ་བྱས་པས་རྒན་རྒོན་ལུས་སྦྱོང་རུ་ཁག་གི་ཡིད་དབང་བཀུག་པ། ཅི་ལིན་གྲོང་ཁྱེར་ཧྥུང་མན་ཆུས་ཝང་ཆི་གྲོང་རྡལ་དུ་ཡུལ་དེའི་གློག་གཏོང་སུའོ་ཡི་ལས་བཟོ་ཀྲའོ་ཧུང་ལེང་གིས་གྲོང་ཚོའི་རྒན་རྒོན་ལ་སྐྱོན་ཤོར་བའི་དྲོད་ལེན་གློག་ཆས་བཟོ་རོགས་བྱེད་ཀྱིན“ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པར་མི་སེར་ཚོའི་ཁྱིམ་གྱི་དྲོད་ལེན་གློག་ཆས་ཚ་སོབ་སོབ་ཡོང་བ་བྱེད་དགོས་ལུགས་བཏོན་པ”སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད། 2025ལོའི་ཟླ་12ཚེས་29ཉིན་བར། ཅི་ལིན་ཞིང་ཆེན་གྱི་ས་གནས་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་ཐེངས་ཁྲི་1.8ལྷག་ཙམ་སྤེལ་ཡོད་པ་རེད།

སྒྲོག་འགྲེལ་གྱི་ནང་དོན་ནང་སེམས་སུ་ཟུག་པར་གཙོ་བོ་གནད་ལུགས་དག་མི་སེར་ཚོའི་སེམས་སུ་གཏིང་ཟབ་ཟུག་རྒྱུར་ཐུག་ཡོད།

ལི་ཁྲོན་རྫོང་གི“པན་ཀྲང་རྒན་གྲས”སྒྲོག་འགྲེལ་རུ་ཁག་གི་རུ་དཔོན་ཝང་ཀྲི་ཀང་གིས་ཡུལ་མིའི་ཁྲོད་བསྐྱོད་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི“སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་པ་སོགས་ཀྱི་གཞིས་ཆེའི་བླང་བྱ་དག་ཚང་མས་གོ་བདེ་ཤེས་སླའི“ཉེ་འགྲམ་གྱི་གནད་ལུགས”དཔེར་དྲངས་ནས་སྒྲོག་འགྲེལ་བྱས་པས“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་ཡོང་བར་གྲོང་ཚོའི་འགྲོ་ལམ་ཤར་གཏོང་ཐུབ་པར་བྱེད་པ་དང་། རྒན་རྒོན་ཚོ་ནད་གཞི་ལྟ་བར་སྟབས་བདེ་སྐྲུན་པ། གྲོང་མི་ཁྱིམ་མཚེས་ཀྱི་འགལ་བ་བསལ་ནས་འཆམ་དུ་གཏོང་བ། འཚོ་སྡོད་ཁོར་ཡུག་དེ་བས་བདེ་འཇགས་ཡོང་བ་བཅས་བྱེད་དགོས”ཞེས་པའི་སྐད་ཆ་དེ་དག་མི་རྣམས་ཀྱི་སེམས་ལ་གཏིང་ཟབ་ཟུག་ནས་ཡུལ་མི་ཚོས་ཁས་ལེན་གང་ལེགས་བྱས་ཡོད་པ་རེད།

“པན་ཀྲང་རྒན་གྲས”ཀྱི་སྒྲོག་འགྲེལ་རུ་ཁག་ནི་སྲིད་ཇུས་སྒྲོག་འགྲེལ་དང་སྣ་མང་ཞབས་ཞུ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་དཔུང་ཁག་ཅིག་རེད། མང་ཚོགས་དང་འབྲེལ་འདྲིས་དེ་བས་ཆེ་བ་ཡོང་ཆེད། སྒྲོག་འགྲེལ་རུ་ཁག་གིས་ཚོགས་ཁང་དུ་སྒྲོག་འགྲེལ་མ་བྱས་པར་ཞིང་ཁྱིམ་དང་རིག་གནས་ཐང་ཆེན་དུ་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན“དམངས་འདོད་རྩིས་ཁྲའི”ནང་བཅུག་པ་མ་ཟད། རྗེས་སྙེག་ཐག་གཅོད་ཀྱང་བྱས་པ་རེད།

ཡུལ་དེ་གའི་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་བྱེད་སྟངས་གསར་གཏོད་བྱས་ཚེ་སྒྲོག་འགྲེལ་ལ་དེ་བས་གསོན་ཤུགས་ལྡན་ཐུབ།

2025ལོའི་ཟླ་12ཚེས་25ཉིན། ཡུན་ནན་ཁུན་མིང་གི“ནུས་མང་ཅན”གྱི་ཁུན་མིང་འདུ་ཚོགས་ཀྱི་ཚོམས་ཆེན་ནང་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་སློབ་གླུའི་སྒྲ་དང་འགྲོགས་ནས་དམིགས་བསལ་གྱི་སྒྲོག་འགྲེལ་ཞིག་བྱེད་བཞིན་ཡོད་པ་རེད།

“ཁོ་ཧྥེ་ཡི་སྡོང་པོ་ཡུན་ནན་དུ་སྐྱེས་ཤིང་དེ་གའི་མི་ཆོས་རིག་གནས་ལའང་ཉམས་འགྱུར་ཟབ་མོ་བསྣན་ཡོད”ཅེས་ལས་ཞུགས་ཚོགས་པ་གསར་པའི་འཐུས་མི་དང་ཡུན་ནན་ལིའུ་ཉན་ཁོ་ཧྥེ་ཁང་བཙུགས་མཁན་ལིའུ་ཉན་གྱིས་སྒྲོག་འགྲེལ་ཉན་རྗེས་དེ་ལྟར་བཤད།

ཡུན་ནན་ཞིང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པས་ཀྲོའུ(གྲོང་ཁྱེར)16ཏུ་བསྐྱོད་ནས་སྙན་ཞུའི་ཚོགས་འདུ་ཐེངས་47དང་བཞུགས་མོལ་སྒྲོག་འགྲེལ་ཐེངས་58བྱས་པ་རེད།

ཉིན་ཤས་བསྟུད་མར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྒྲོག་འགྲེལ་ཚོགས་པས་མུ་མཐུད་སྒྲོག་འགྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད།

པིང་ཐོན་གྱི་ཧྲི་ཤོག་བཞི་པའི་མདའ་ཤོག་རེ་བརྒྱད་པའི་ལི་ཧྭ་སྡེ་ཁུལ་དུ་པིང་ཐོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་བསྐྱོད་ནས། ལས་བཟོ་མང་ཚོགས་དང་མཉམ་དུ་སྤེལ་རེས་སློབ་སྦྱོང་བྱས་ཤིང་། ཁོང་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་གི“སྡེ་ཁུལ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་པ་སོགས་ཀྱི་བཀོད་སྒྲིག་བླང་བྱར་དམིགས་ནས་སྡེ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་དོགས་གནད་སེལ་བ་དང་འཆར་གཞི་བཀོད་ཡོད་པ་རེད།

“དེ་དངོས་འབྲེལ་ང་ཚོར་མཁོ་བའི་སྒྲོག་འགྲེལ་ཞིག་རེད་འདུག”ལི་ཧྭ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ལུའོ་ཧུའེ་ཆིན་གྱིས“ང་ཚོས་གཞི་རིམ་གྱི་ལས་ཀ་སྒྲུབ་སྐབས་ཁ་ཕྱོགས་དེ་བས་གསལ་བ་དང་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང་། ཕྱིས་སུ་སྡེ་ཁུལ་ཉིད་ཚང་མ་ཡོང་འདོད་པ་དང་། གཞིས་ཆགས་ཐུབ་པ། འཚོ་བ་སྐྱེལ་བདེ་བ་བཅས་ཀྱི་ཐུན་མོང་ཁྱིམ་གཞིས་སུ་སྐྲུན་གྱི་ཡིན”ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

(མཚམས་གཅོད་ཀྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)