འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཆུ་ཚོད་168རིང་རྩོལ་ཕྱོད་ཡོངས་ཀྱི་རྒྱུན་མཐུད་འཁོར་སྐྱོད་བྱས་ནས་དཔྱད་ཞིབ་བྱས་པ་བརྒྱུད། ཟླ་1ཚེས་1ཉིན“ཧྭ་ལུང་ཨང་དང་པོ་རྟགས་ཅན”ཀྲང་ཀྲོའུ་ཉིང་གློག་འཕྲུལ་ཚན་གཉིས་པ་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དེ་ཐོག་ནས་ཀྲང་ཀྲོའུ་ཉིང་གློག་གི་དུས་ཐེངས་དང་པོའི་ལས་གྲྭ་ཕྱོགས་ཡོངས་ནས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་མཚོན་གྱི་ཡོད།
“ཧྭ་ལུང་ཨང་དང་པོ་རྟགས་ཅན”ནི་རང་རྒྱལ་གྱིས་ཞིབ་སྤེལ་ཇུས་འགོད་བྱས་པའི་རང་བརྟེན་ཤེས་བྱའི་བདག་དབང་ཆ་ཚང་ལྡན་པའི་རབས་གསུམ་པའི་ཆུ་གནོན་སྤུང་གསོག་ཉིང་གློག་ལག་རྩལ་ཞིག་ཡིན་པ་དང་། “ཧྭ་ལུང་ཨང་དང་པོ་རྟགས་ཅན”གྱི་ཉིང་གློག་འཕྲུལ་ཚན་རྐྱང་པའི་ལོའི་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་100ཟིན་ནས་དབྱང་གཉིས་ཐན་འགྱུར་འབུད་ཚད་ཏུན་ཁྲི་816ཙམ་ཉུང་དུ་གཏོང་ཐུབ་པ་དེ། ལོ་རེར་ཚད་ལྡན་རྡོ་སོལ་ཟད་གྲོན་ཏུན་ཁྲི་300ལྷག་ཙམ་ཉུང་དུ་ཕྱིན་པ་དང་མཚུངས་ཀྱི་ཡོད། “ཧྭ་ལུང་ཨང་དང་པོ་རྟགས་ཅན”ནི་གོ་ལ་ཧྲིལ་པོར་གཉེར་སྐྱོང་བྱེད་བཞིན་པ་དང་སྐྲུན་བཞིན་པའི་འཕྲུལ་ཚན་གྱི་སྤྱི་འབོར་མང་ཤོས་ཀྱི་རབས་གསུམ་པའི་ཉིང་གློག་ལག་རྩལ་ཞིག་རེད།
ཀྲང་ཀྲོའུ་ཉིང་གློག་ནི“ཧྭ་ལུང་ཨང་དང་པོ་རྟགས་ཅན”གྱི་འབོར་གྲངས་ཅན་འཛུགས་སྐྲུན་བྱེད་པའི་འགོ་འཛུཌ་ས་ཡིན་ལ། གོ་ལ་ཧྲིལ་པོའི“ཧྭ་ལུང་ཨང་དང་པོ་རྟགས་ཅན”གྱི་ཉིང་གློག་རྟེན་གཞི་ཆེ་ཤོས་ཀྱང་ཡིན་པ་དང་། “ཧྭ་ལུང་ཨང་དང་པོ་རྟགས་ཅན”གྱི་ཉིང་གློག་འཕྲུལ་ཚན་6འཛུགས་སྐྲུན་གྱི་འཆར་འགོད་བྱས་ཡོད། ཀྲང་ཀྲོའུ་ཉིང་གློག་འཕྲུལ་ཚན་དང་པོ་དང་གཉིས་པ་ཚོང་ལས་གཉེར་སྐྱོང་བྱས་པའི་ནང་འཕྲུལ་ཚན་དང་པོས་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་102བཏང་བ་དང་། འཕྲུལ་ཚན་གསུམ་པ་དང་བཞི་པ་སྒྲིག་སྦྱོར་དུས་མཚམས་སུ་སླེབས་པ། འཕྲུལ་ཚན་ལྔ་པ་དང་དྲུག་པའི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པ་བཅས་རེད། རྟེན་གཞི་ཕྱོགས་ཡོངས་ནས་བསྐྲུན་རྗེས། སྔོན་དཔག་བྱས་ན་ལོ་ལྟར་ནུས་རྒྱུ་གཙང་མ་ཆན་ཝ་ཆུ་ཚོད་དུང་ཕྱུར་600ཙམ་མཁོ་འདོན་ཐུབ་རྒྱུ་རེད།