《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

2025ལོར་རང་རྒྱལ་གྱི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་518.32ཟིན་པ།

རང་རྒྱལ་གྱིས་བཟོས་པའི་གློག་བརྙན་སྤ་སེ་བཙོངས་ཚད་ཀྱིས་བཅུ་ཆ་བརྒྱད་ཙམ་བཟུང་བ།

● 2025ལོར་རང་རྒྱལ་གྱི་ལོ་ཧྲིལ་པོའི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་518.32ཟིན་པ་དེ་དུས་མཚུངས་ལས་21.95%འཕར་བ་དང་། གྲོང་ཁྱེར་གློག་བརྙན་ཁང་དུ་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་12.38ཟིན་པ་དེ་དུས་མཚུངས་ལས་22.57%འཕར་བ། རང་རྒྱལ་གྱིས་བཟོས་པའི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་412.93ཟིན་པ་དེས་79.67%བཟུང་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོ་ཧྲིལ་པོར་རང་རྒྱལ་གྱི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་518.32ཟིན་པ་དེ་དུས་མཚུངས་ལས་21.95%འཕར་བ་དང་། གྲོང་ཁྱེར་གློག་བརྙན་ཁང་དུ་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་12.38ཟིན་པ་དེ་དུས་མཚུངས་ལས་22.57%འཕར་བ། རང་རྒྱལ་གྱིས་བཟོས་པའི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་412.93ཟིན་པ་དེས་79.67%བཟུང་ཡོད། ལོ་ཧྲིལ་པོར་སྤ་སེ་བཙོངས་པར་སྒོར་དུང་ཕྱུར་ལས་བརྒལ་བའི་གློག་བརྙན་ཁྱོན་51ཡོད་པའི་ནང་རང་རྒྱལ་གྱིས་བཟོས་པའི་གློག་བརྙན་33ཡོད་པ་རེད། ལོ་ཧྲིལ་པོར་གཏམ་རྒྱུད་གློག་བརྙན་511སྒྲིག་བཟོ་བྱས་པ་དང་ཁྱོན་གློག་བརྙན་764སྒྲིག་བཟོ་བྱས་ཡོད།

ལོ་ཧྲིལ་པོར་གྲོང་ཁྱེར་གློག་བརྙན་ཁང་དུ་བརྙན་ཡོལ་2219མང་དུ་བཏང་བ་དང་བརྙན་ཡོལ་བསྡོམས་འབོར་93187ཟིན་ཡོད། རྒྱལ་ཡོངས་སུ་སྤྱི་ཕན་གློག་བརྙན་སྟོན་སའི་གྲོང་གསེབ་ཀྱི་གྲངས་འཛིན་གློག་བརྙན་ཁང་264དང་གློག་བརྙན་སྟོན་མཁན་རུ་ཁག་ཁྲི་4.4ཟིན་ཡོད། ལོ་ཧྲིལ་པོར་སྤྱི་ཕན་གློག་བརྙན་ཐེངས་ཁྲི་801བསྟན་ཞིང་། དེའི་ནང་གཏམ་རྒྱུད་གློག་བརྙན་ཐེངས་ཁྲི་507དང་ཚན་རིག་སློབ་གསོའི་གློག་བརྙན་ཐེངས་ཁྲི་290བསྟན་པར་ལྟ་མཁན་མི་ཐེངས་དུང་ཕྱུར་3.94ཙམ་ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་གྱི་གློག་བརྙན་སྤ་སེ་བཙོངས་ཚད་མདུན་གྲལ་བཅུའི་གློག་བརྙན་ཁྲོད་རང་རྒྱལ་གྱིས་བཟོས་པའི་གློག་བརྙན་གྱིས་བཅུ་ཆ་བརྒྱད་བཟུང་ཡོད། ལོ་ཧྲིལ་པོར་གློག་བརྙན་8ཀྱི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་10ལས་བརྒལ་བ་དང་། ལོ་འཁོར་གྱི་སྤ་སེ་བཙོངས་ཚད་ཨང་དང་པོ་ཡིན་པའི《བདུད་ཕྲུག་ནོ་ཏྲས་རྒྱ་མཚོ་དཀྲུགས་པ》ཞེས་པ་སྒོར་དུང་ཕྱུར་154ལས་བརྒལ་ནས་ཆེས་མདུན་གྲལ་དུ་སླེབས་ཡོད། ལོ་འཁོར་གྱི་སྤ་སེ་བཙོངས་ཚད་མདུན་གྲལ་བཅུའི་གློག་བརྙན་ཁྲོད་4ནི་འགུལ་རིས་གློག་བརྙན་ཡིན་པ་དང་། གློག་བརྙན་གཙོ་བོའི་སྐུལ་ཁྲིད་འོག་2025ལོར་འགུལ་རིས་གློག་བརྙན་གྱི་སྤ་སེ་བཙོངས་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)