《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

ཡན་ཨན་གྱི“ས་ཕུག་གི་དྲི་བར”མུ་མཐུད་ལན་ཡག་པོ་འདེབས་དགོས།

——ཀྲུའུ་ཞི་ཞི་ཅིན་ཕིང་གི་2026ལོའི་ལོ་གསར་ཤིས་ཚིག་གི་བློ་འབྱེད་ཟིན་ཐོ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

“ཏང་དར་རྒྱས་བྱུང་ན་རྒྱལ་ཁབ་སྟོབས་ཆེར་འགྲོ”ཉིས་སྟོང་ཉེར་དྲུག་ལོའི་ལོ་གསར་ཤིས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རང་རེའི་ཏང་གིས་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དང་དུས་རབས་ཀྱི་ལས་འགན་ལྕི་པོར་གཞིགས་ཏེ། “ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་སྤྲོས་པ་དང་། རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱི་སྒོ་ནས་ཡན་ཨན་གྱི‘ས་ཕུག་གི་དྲི་བར’མུ་མཐུད་ལན་ཡག་པོ་བཏབ་སྟེ། མི་དམངས་ལ་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་རྒྱུགས་ལན་འདེབས་དགོས”ཞེས་ནན་བཤད་གནང་ཡོད།

རང་རེའི་ཏང་ལ་ལོ་རྒྱུས་རིང་པོ་དང་། གཞི་ཁྱོན་ཆེན་པོ། སྲིད་སྐྱོང་གི་དུས་ཡུན་རིང་པོ་བཅས་འདི་འདྲ་ཡོད་པས། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཇི་ལྟར་སྒྲོལ་དགོས་སམ་ཞེ་ན། “མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་པ”ནས“རང་ངོས་གསར་བརྗེའི”བར། “ས་ཕུག་གི་དྲི་བའི”ལན་གཉིས་ནི་ཡུལ་དུས་ལས་བརྒལ་ནས་དུས་ཡུན་རིང་པོ་སོང་ཡང་སྔར་བཞིན་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཤིང་། དེ་ལས་ཏང་གིས་མི་དམངས་དང་དཀའ་སྡུག་མཉམ་མྱོང་དང་། ཁྲག་རྒྱུན་མཉམ་འདྲེས། འཆི་གསོན་མཉམ་གནས་བཅས་བྱས་པ་གསལ་པོར་མངོན་ཐུབ།

འདས་ཟིན་པའི་ལོ་གཅིག་རིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ། ངན་རུལ་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ་སོགས། ཁ་དན་ཚིག་གནས་ཀྱིས་ཏང་ལ་དོ་དམ་ནན་པོ་དང་ཏང་བཅོས་སྐྱོང་བྱས་པ་དང་རུལ་སེལ་ཤ་སྐྱེས་སྒོ་ནས་རང་ངོས་གསར་བརྗེར་སྐུལ་འདེད་བཏང་བས། ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བྱ་གཞག་ཁག་གི་འཕེལ་རྒྱས་ལ་མདུན་སྐྱོད་ཆེན་པོ་བྱུང་ཡོད།

ང་ཚོའི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་འདི་དག་ནི་མིག་མཐོང་ལག་ཟིན་ཐུབ་པ་ཤ་སྟག་རེད།

སི་ཁྲོན་མེ་ཧྲན་ཐའེ་ཧོ་གྲོང་རྡལ་ཡུང་ཧྥུང་གྲོང་ཚོའི་གྲོང་ཚོ་རིམ་པའི“དབང་ཆ་ཕྲན་ཚེགས”ལའང་གསལ་ཐོའི་རྣམ་པའི་དོ་དམ་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོ་དམ་ནན་བཟོས་རྗེས་ལས་ཀ་བྱེད་དུས་དེ་ལས་ཀྱང་སྟབས་བདེ་རུ་ཕྱིན་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་མིའི་འཐུས་མི་བསྐོངས་ཏེ་གྲོས་མོལ་བྱས་ནས་རྩིས་གསལ་གསལ་ཐིང་ཐིང་བརྒྱབ་པ་དང་ལས་དོན་མགོ་ཡོད་མཇུག་ཡོད་སྒོ་ནས་བསྒྲུབས་ཡོད། ཡུལ་དེའི་ལས་བྱེད་པས་མྱོང་ཚོར་ཟབ་མོས“སེམས་ནང་སྒེར་སེམས་མེད་པས་འབྲེལ་བ་ཡག་ཏུ་ཕྱིན་ལ། ལས་ཀ་བྱེད་དུས་ཀྱང་སྟབས་བདེ་རུ་ཕྱིན་འདུག”ཅེས་བཤད།

ཏང་དོ་དམ་དང་ཏང་བཅོས་སྐྱོང་ཇི་ཙམ་ནུས་ལྡན་བྱས་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་ལེན་དེ་ཙམ་གྱིས་ཤུགས་དང་ལྡན་པ་ཞིག་ཡོང་ཐུབ། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་རྒྱུན་སྲིང་ལྷོད་མེད་ངང་བརྟན་དུ་གཏོང་བའི་བར། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་ཞུན་བརྡར་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ས་རྒྱུ་གཙང་བཅོས་བྱེད་པ། ལས་སྒྲུབ་ཀྱི་སྟོབས་ཤུགས་ཆེན་པོ་འཕེལ་བ་བཅས་བྱས་ཡོད།

ལོ་གསར་པར་རྒྱང་ལམ་གསར་པར་བསྐྱར་དུ་བསྐྱོད། ཡན་ཨན་གྱི“ས་ཕུག་གི་དྲི་བར”མུ་མཐུད་ལན་ཡག་པོ་འདེབས་དགོས་པའི་བླང་བྱ་བཏོན་པ་དེས་རང་རེའི་ཏང་གི་ལོ་རྒྱུས་ཀྱི་རང་རྟོགས་གསལ་པོ་དང་ལོ་རྒྱུས་ཀྱི་རང་འགུལ་བརྟན་པོ་མཚོན་ཡོད།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་འབྱུང་འགྱུར་ལོ་5ཡི་རང་རྒྱལ་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཡིན་ཞིང་། ཏང་ཀྲུང་དབྱང་གིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལས་དོན་གཞན་དག་ཁག་བཀོད་སྒྲིག་བྱས་ཟིན་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཐུབ་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པར་འགན་ལེན་ཇི་ལྟར་བྱེད་དགོས་སམ་ཞེ་ན།

ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་པ་དང་། གནད་དོན་རྙིང་པ་དང་འགྲན་སློང་གསར་པའི་མདུན་དུ་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དེ་བས་ཀྱང་རྒྱུན་འཁྱོངས་བྱས་ཏེ་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་བྱེད་དགོས། དེ་ཡང་ཇི་ལྟར་བྱས་ན་གཞི་ནས་མདའ་མོ་ལྟོང་ཁར་སྤྲད་པ་ལྟ་བུའི་དམག་གྲབས་རྣམ་པ་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ཐུབ་བམ་ཞེ་ན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་དེང་རབས་ཅན་ནི་དཀའ་ལས་ཁག་ཤོས་རེད་ལ། རླབས་ཆེ་ཤོས་ཀྱང་རེད”ཅེས་གསུངས་ཡོད། ངལ་བ་དང་ལེན་དང་དཀའ་བར་མི་འཛེམས་པར་མདུན་སྐྱོད་དང་། རང་འགུལ་ངང་ལས་འགན་ལྗིད་པོ་དང་ཁག་པོ་ཕྲག་ཏུ་འཁུར་བ། འགག་སྒྲོལ་དཀའ་སེལ་ཕོད་པ་བཅས་བྱས་ཚེ། གཞི་ནས་ཚེར་ཤིང་རྩ་བཅད་བྱེད་པའི་ཁྲོད་བྱ་གཞག་རླབས་པོ་ཆེའི་བདེ་ལམ་ཟམ་མི་ཆད་པར་བསྐྲུན་ཐུབ་ནས། ང་ཚོའི་དུས་རབས་ཀྱི་རྒྱུགས་ལན་དེ་གཞི་ནས་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པ་ཞིག་ཡོང་ཐུབ།

ད་ལྟའི་དུས་འདིར་ང་ཚོས་བསམ་བློའི་སྨུག་པ་གཙང་དག་བཟོ་བ་དང་ནོར་འཁྲུལ་གྱི་ལྟ་བ་ཡོ་བསྲང་བྱས་ནས་ཏང་གི་རང་ངོས་གསར་བརྗེའི་ངོས་འཛིན་སྔར་བས་གནད་འཁེལ་ཡོང་དགོས།

“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་བཞི”དུས་ཡུན་རིང་པོར་གནས་པས།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་ཉན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པའི་བར་ཇེ་ནན་ནས་ཇེ་ནན་དུ་འགྲོ་ཡི་ཡོད་པས། མི་སུ་འདྲ་ཞིག་ཡིན་རུང་སྟེས་དབང་གི་བསམ་བློ་དང་སྟོང་བསམ་འཆང་མི་རུང་ལ། ཚད་གཞི་དམའ་རུ་གཏོང་བ་དང་ཚད་གཞི་འགྱུར་བའི་ནོར་འཁྲུལ་གྱི་རེ་སྒུག་དེ་བས་ཀྱང་བྱེད་མི་རུང་།

ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་འགན་ཐེག་པ་འཁུར་ལེན་ལ་སྐུལ་ལྕག་གཏོང་རྒྱུ་དེ་ནང་གནས་གཅིག་གྱུར་ཡོང་བ་དང་ཏང་གི་སྒྲིག་ལམ་དང་ལས་སྒྲུབ་ལས་གཏོད་ནང་གནས་གཅིག་གྱུར་ཡོང་བ་བྱེད་དགོས། ནན་སྐྱོང་བྱ་རྒྱུ་ནི་ཚང་མར་གཅུན་སྡོམ་ཐལ་དྲགས་པ་བྱེད་པ་ཞིག་མིན་པར་སྲོལ་བཟང་སྤྱོད་བཟང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཅིག་ཆགས་པར་བྱ་རྒྱུ་དེ་རེད། ཏང་གི་སྒྲིག་ལམ་ནི་ལས་སྒྲུབ་ལས་གཏོད་ཀྱི་ལྕགས་སྒྲོག་མིན་པར་སྤྱོད་གཙང་ལས་སྒྲུབ་དང་བློ་ཁོག་ཆེན་པོས་ལས་སྒྲུབ་བྱེད་པའི་ཚད་གཞི་ཞིག་རེད།

ཏང་གིས་རང་ངོས་གསར་བརྗེ་བྱེད་པ་དེས་ཏང་ཡོན་ལས་བྱེད་པའི་ཧུར་སེམས་ཆག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཏང་ཡོན་ལས་བྱེད་པའི་ཧུར་སེམས་དེ་བས་རྒྱ་ཁྱབ་དང་དེ་བས་ལེགས་པའི་སྒོ་ནས་སྐུལ་སློང་བྱེད་ཐུབ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་ཐུབ།

མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རྩ་བའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་སུ་བརྩིས་ནས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་མཐའ་འཁྱོངས་ཀྱིས“རྒྱུགས་འབུལ་ལམ་བུར”བརྟན་པོ་བསྐྱོད་པ་དང་། “ས་ཕུག་གི་དྲི་བར”ལན་ཡག་པོ་འདེབས་པ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཁ་ཕྱོགས་གཏན་འཁེལ་གྱིས་གོམ་པ་བརྟན་པོ་སྤོ་བ་བཅས་བྱས་ཚེ། དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཏེ་ང་ཚོའི་བྱ་གཞག་ལ་སྐུལ་སྤེལ་གཏོང་ཐུབ་ངེས་རེད།

(བསྟན་བློས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)