《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月15日

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་མཐུན་སྦྱོར་མཉམ་འཕེལ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཡན་རྒྱུན་འཁྱོངས་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཕན་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་པ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་ཀྱི་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་བརྟེན། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པོ་རྒྱུན་འཁྱོངས་བྱུང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་པས། སྐྱེ་ཁམས་དམངས་ཕན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།

ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལྗོངས་ཡོངས་ཀྱི་སྔོན་ཐོན་རྒྱུན་འཁྱོངས་བྱས་ཡོད། ཁོར་ཡུག་མཁའ་རླུང་སྤུས་ཚད་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་ཁྲོད་ལོ་དགུ་བསྟུད་མར་ཨང་དང་པོར་སླེབས་པ་དང་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཡན་རྒྱུན་འཁྱོངས་བྱས་ཡོད་པ་རེད།

སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ་དང་དུས་མཚུངས་ཉིང་ཁྲི་གྲོང་ཁྱེར་གྱིས“རི་གཉིས”ཀྱི་བརྗེ་སྒྱུར་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས། སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་པ་སྟེ། སྣང་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་གི་འོད་ཤུགས་དང་ནུས་གསོག་ཟུང་འབྲེལ་གྱི་རྣམ་གྲངས་བསྐྲུན་ནས་གློག་གཏོང་འགོ་ཚུགས་པ་ལས་ཚད་བརྒལ་གསར་པ་བྱུང་བ་དང་། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་སྟེ། ཇ་དང་། བོད་ཕག ཤིང་འབྲས། སྨན་རྩྭ། ཤ་མོ། ས་མཐོའི་ཉ་ལས་བཅས་རྟེན་གཞི་ཆེན་པོ་དྲུག་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་སྔོ་ཚལ་ཐོན་འབབ་མུའུ་ཁྲི་4.59དང་། ཇ་ལོ་མུའུ་ཁྲི་5.4 ཤིང་འབྲས་མུའུ་ཁྲི་7.44 ནགས་ཁྲོད་དཔལ་འབྱོར་གྱི་ཐོན་འབབ་མུའུ་ཁྲི་1.1བཅས་ཟིན་ཡོད།

སྐྱེ་ཁམས་དམངས་ཕན་དང་ལྗང་མདོག་དམངས་ཕྱུག་གི་ཕན་འབྲས་ཉིན་རེ་བཞིན་མངོན་ཞིང་། 2025ལོའི་ཟླ་དང་པོ་ནས་དགུ་པའི་བར། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1405.9ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་130.28མངོན་འགྱུར་བྱུང་ཡོད།