《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月15日

“དྲང་གཞག་དང་རྫུན་ལྷད་མེད་པའི་འཕར་སྣོན་ཡོང་བར་བརྩོན་དགོས”

འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཞུས་ནུའོ།

དུས་ཚོད། ཟླ་12ཚེས་10ཉིན།

ཉིན་རེའི་ལས་རིམ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

“ལོ་ལྔ་ཚན་བཅུ་བཞི་པ”ནས“ལོ་ལྔ་ཚན་བཅོ་ལྔ་པའི”ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ། ཐོག་མའི་དུས་ནས་འཕེལ་ཕྱོགས་གཏན་འཁེལ་དང་མནོ་བསམ་གང་ལེགས་བཏང་ནས་ཕུགས་ཕན་གྱི་བསམ་ཇུས་འགོད་དགོས་པ་དང་། དོན་དག་རེ་རེ་ཡིས་སྲིད་དོན་ལས་རྗེས་ལྟ་བར་ཚོད་བགམ་བྱེད་པ་ཡིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས”ཞེས་ནན་བཤད་གནང་བ་ལས་དངོས་ཡོད་ཀྱི་ཁ་ཕྱོགས་རང་བཞིན་ཁ་གསལ་བྱུང་ཡོད།

ཆུ་མ་རྒྱས་གོང་ནས་རགས་བརྒྱབ་སྟེ། ཐོག་མ་ཉིད་ནས་གཟབ་ནན་བྱེད་དགོས། “ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚུལ་མིན་སྤྱོད་ངན་བཀག་འགོག་ནན་པོ་བྱེད་དགོས། ‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་འཛུགས་ལ་ཉེ་བས། འདམ་རུལ་བཙོག་ཆུ་གཙང་མར་བཟོ་བ་དང་། ཁོར་ཡུག་དང་མཁའ་རླུང་གཙང་མར་བཟོ་དགོས”

“ལས་རྗེས་གཏོད་པར་ངེས་པར་དུ་སུའི་ཆེད་དུ་ལས་རྗེས་གཏོད་པ་དང་། ལས་རྗེས་གང་འདྲ་ཞིག་གཏོད་པ། ལས་རྗེས་ཇི་ལྟར་གཏོད་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ལ། མཐར་གཏུགས་ན་སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔ“དྲི་བ་གསུམ”ལ་བརྟེན་ནས་སྲིད་སྐྱོང་གི་ཐབས་ལམ་གསལ་བཤད་གནང་ཡོད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁོང་གིས་སླར་ཡང་གསལ་བཤད་གང་ལེགས་གནང་ཡོད།

སུའི་ཆེད་དུ་ལས་རྗེས་གཏོད་དགོས་སམ།

“དམངས་ཆེད་སྲིད་དོན་ལས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནི་བབ་ཆགས་ལ་ནང་དོན་ཟབ་མོ་ཡོད། ཐོག་མའི་བསམ་འདུན་བྲག་ལྟར་བརྟན་པའི་ཀྲུང་གོ་གུང་ཁྲན་ཏང་གིས“དམངས་ཆེད་བྱ་བ་སྒྲུབ་པ་དང་དམངས་ཆེད་བདེ་སྐྱིད་སྐྲུན་པ་དེ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་ལ་བརྩི་བ་དང་། མི་སེར་ལ་བྱ་བ་བཟང་པོ་ག་ཚོད་སྒྲུབ་པ་དེ་སྲིད་དོན་ལས་རྗེས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་གི་ཡོད”

ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་ཁག་བརྒྱད་བཀོད་སྒྲིག་བྱས་པ་དང་། ཕྱོགས་གང་ས་ཅི་ཐད་ནས“དམངས་འཚོའི་རྒྱུགས་ལན”ཡག་པོ་འདེབས་རྒྱུར་དམིགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ཀྱི་རྨང་གཞི་བརྟན་པོ་ཡོང་དགོས་པ་དང་། ལྷག་པར་དུ་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་དབུལ་ལོག་མི་ཐེབས་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

“ཞིང་གསུམ”ལ་སྣང་ཆུང་བྱེད་པའི་མགོ་འབུར་ཙམ་གྱི་སྣང་ཚུལ་ལ་དམིགས་ནས། ཁོང་གིས“དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྗེས། བར་བརྒལ་དུས་སྐབས་ཤིག་ཡོད་པ་དེ་ད་ལོ་ལེགས་གྲུབ་བྱུང་མོད། འོན་ཀྱང་ལེགས་གྲུབ་བྱུང་བ་དེ་རྦད་དེ་ཚར་བ་མཚོན་གྱི་མེད། སྔར་བཞིན‘ཞིང་གསུམ’ལས་དོན་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་འབྲེལ་མཐུད་ལ་དམ་འཛིན་ཡག་པོ་བྱེད་དགོས་ལ། སྔར་བཞིན་གྲོང་གསེབ་དར་རྒྱས་གཏོང་བ་དང‘ཞིང་གསུམ’ལས་དོན་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་གདན་ལ་བརྩི་དགོས”ཞེས་གསུངས་ཡོད།

ལས་རྗེས་གང་འདྲ་ཞིག་གཏོད་དགོས་སམ།

“ལོ་ལྔ་ཚན་བཅུ་བཞི་པའི”བཀྲག་མདངས་འཚེར་ས་གླེང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་བར་སྣང་དང་། ས་འོག རྒྱ་མཚོ་བཅས་ཀྱི་ཚན་རྩལ་གསར་གཏོད་ཐད“མི་རྣམས་ཧང་སངས་དགོས་པའི་གྲུབ་འབྲས་ཐོབ་ཡོད” “ང་ཚོར་བཀག་འགོག་བྱས་ཀྱང་ཁོག་མི་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད” “APECསྔོན་པོ”རྒྱུན་རྣམ་དུ་གྱུར་ནས་ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གསུམ་གྱི་PM2.5ཆ་སྙོམས་གར་ཚད“ལོ་བཅུའི་གོང་ལས་54%ཆག་ཡོད” གོ་ལ་ཧྲིལ་པོའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་མ་ལག་ཆེ་ཤོས་བསྐྲུན་པས། ད་ལྟ་གློག་ཏུའུ་གསུམ་སྤྱོད་ཐེངས་རེ་རེའི་ནང་ཏུའུ་གཅིག་ནི་ལྗང་གློག་ཡིན་པ་སོགས། “རྨང་གཞི་འདིང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། ཕུགས་ཕན་གྱི་མི་མངོན་པའི་གྲུབ་འབྲས”བཅས་མང་པོ་ཞིག་སྙིང་རུས་ལྷོད་མེད་ཀྱིས་དཀའ་སྤྱད་འབད་བརྩོན་ཁྲོད་འགྱུར་ལྡོག་དང་མངོན་འགྱུར་བྱུང་ཡོད་ཅེས་གསུངས་ཡོད།

ལས་རྗེས་ཇི་ལྟར་གཏོད་དགོས་སམ།

“དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚིག་ཉུང་དོན་ཟབ་ངང་གསུངས་པ་དང་། ཁོང་གིས“རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་ལས། སྲིད་དོན་ལས་རྗེས་ཆེད་མིག་མདུན་གྱི་ཁེ་ཕན་ཁོ་ནར་རྔམ་པ་དང་། མི་བདེན་རྫུན་སྒྲིག རྨོངས་ཚོད་ཡ་ཡུག་བཅས་ཀྱི་ཐབས་ཤེས་དེ་མི་སྤྱོད་པ། དཔོན་གསར་གྱིས་རྩིས་ཁྲ་རྙིང་པར་ཁ་ཡ་མི་བྱེད་པ་གཏན་འགོག་དང་། རྟགས་མཚོན་ལས་གྲྭ་གཏན་འགོག སྲིད་དོན་ལས་རྗེས་ཀྱི་ལས་གྲྭ་གཏན་འགོག་བཅས་བྱེད་དགོས་ཞེས་གསུངས་ཡོད།

རྒྱལ་ཁབ་དང་ས་གནས་ཀྱིས་འཆར་འགོད་བཟོ་བའི་ལས་དོན་སྤེལ་བཞིན་ཡོད་པས། “སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་སྣོལ་ཟློས་དང་དོན་དངོས་དང་མི་མཐུན་པའི་འཆར་འགོད་བཟོ་བའི་ལས་འགན་ཁུ་བསྡུ་དང་ལེགས་སུ་བཏང་སྟེ། འཆར་འགོད་མང་མི་དྲགས་པ་དང་གང་བྱུང་མི་བྱེད་པ་བྱེད་དགོས”

“འཆར་འགོད་ཚང་མ་དངོས་ཐོག་བདེན་འཚོལ་དགོས་པ་མ་ཟད། དྲང་གཞག་དང་རྫུན་ལྷད་མེད་པའི་འཕར་སྣོན་ཡོང་བར་བྱས་ཏེ་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དོན་དངོས་དང་མི་མཐུན་པར་བྲེལ་འཚུབ་ཀྱིས་སྒྲུབ་པ་དང་། འཁྲི་འགན་རིམ་སྣོན། གཞི་ཁྱོན་གང་བྱུང་དུ་ཆེ་རུ་གཏོང་བ་བཅས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངག་འཇམ་པོས་གསུངས་ཡོད།

སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྒྱུད་འཐབ་ཇུས་ཀྱི་ངེས་ཤུགས་ཤིག་གསལ་པོ་རྟོགས་ཐུབ།

ངེས་ཤུགས་སྲུང་བ་དང་། རྩ་བ་བརྟན་གཏོང་། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་བསྐྱར་དར་གྱི་ལམ་བུར་ཞུམ་མེད་མདུན་སྐྱོད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅིས“འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་ཚུལ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས”ཞེས་གསུངས་ཡོད།

(པ་ཚེ་དང་ཚེ་ལྷས་སྒྱུར་ཞུས་བྱས)