འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག“རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད”ཅེས་དང“གདེང་ཚོད་བརྟན་དུ་གཏོང་བ་དང་། ལེགས་ཆ་ཡག་པོར་སྤྱོད་པ། འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས”ཞེས་ནན་བཤད་བྱས་ཡོད། དེ་ནི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་བརྡར་ཤ་གལ་ཆེན་བཅད་པ་ཞིག་ཡིན་པ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད།
གདེང་ཚོད་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་དེ་ལས་བྱུང་ཞིང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་ཀྱང་། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་དཔལ་འབྱོར་གྱི་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་140ཡས་མས་ཟིན་པ་དང་། ཉེ་དུས། འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞི་མང་པོ་ཞིག་གིས་2025ལོའི་ཀྲུང་གོའི་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་མཐོ་རུ་བཏང་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་འཕར་ཚད་མགྱོགས་པ་དང་། ཕྱིར་གཏོང་སྣ་མང་ཅན་གྱི་ཕན་འབྲས་མངོན་གསལ་དོད་པ། མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་རྫས། འཕྲུལ་མི་སོགས་ཞིབ་སྤེལ་བེད་སྤྱོད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེ་མོ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་མི་རིང་བར་གླིང་ཕྲན་ཡོངས་སུ་སྒོ་ཁྲལ་དངོས་སུ་སྡོམ་རྒྱུ་ཡིན་པ་སོགས་ལས། རང་རྒྱལ་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་པ་མཚོན་ཡོད།
སང་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཀྱི་ལོ་ཡིན་ཞིང་། འགོ་ཡག་པོ་ཞིག་འཛུགས་པ་ནི་ལེགས་གྲུབ་ཕྱེད་ཀ་བྱུང་བ་དང་ཁྱད་མེད། གདེང་ཚོད་བརྟན་དུ་གཏོང་བ་དང་། འགྲན་སློང་ལ་ཁ་གཏད་བཅག་སྟེ། ནུས་ཤུགས་ཡོད་རྒུས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོར་བསྒྲུབས་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་ཆེས་གལ་འགངས་ཆེ་བ་ཞིག་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་། གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་ལེགས་ཆ། ཆ་ཚང་བའི་ཐོན་ལས་མ་ལག་གི་ལེགས་ཆ། ཕུན་སུམ་ཚོགས་པའི་ཤེས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་བཅས་བེད་སྤྱོད་ཡག་པོ་གཏོང་རྒྱུ་དེ་རེད།
འདས་ཟིན་པའི་ལོ་5ཡི་རིང་། རང་རྒྱལ་གྱི་ཐོན་ལས་མ་ལག་གི་ཆ་ཚང་རང་བཞིན་དང་མ་ལག་རང་བཞིན་སྔར་བས་ལེགས་སུ་ཕྱིན་ཞིང་། 2024ལོར་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་གོ་ལ་ཧྲིལ་པོའི་བསྡུར་གྲངས་བཟུང་ཚད་30%ཙམ་ཟིན་ནས་སྤྱིའི་གཞི་ཁྱོན་ལོ་15བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། རྨང་གཞིའི་རིམ་པའི་རིག་ནུས་བཟོ་གྲྭ་ཁྲི་3.5ལྷག་ཙམ་དང་། ཕུལ་བྱུང་རིམ་པའི་རིག་ནུས་བཟོ་གྲྭ་230ལྷག་ཙམ། 5Gབཟོ་གྲྭ་1260བཅས་བསྐྲུན་ཟིན་ཏེ། གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་གྲོན་ཆུང་དུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད།
རང་རྒྱལ་གྱི་ཐོན་ལས་མ་ལག་ཆ་ཚང་གི་ལེགས་ཆ་ཡག་པོ་སྤྱོད་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་རིམ་སྤར་ལ་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་པ་དང་། གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་བཅས་བྱས་ཏེ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ཚེ། རང་རྒྱལ་གྱི་དཔལ་འབྱོར་གཞི་ཆེན་བརྟན་འཁྱོངས་ཐུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྣོན་ཐུབ་ངེས་རེད།
འདས་ཟིན་པའི་ལོ་5ཡི་རིང་། རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་གཞི་རྒྱ་སྔར་ལས་ཆེ་རུ་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་ཨང་གཉིས་པའི་གནས་བབ་སྔར་བས་བརྟན་དུ་ཕྱིན་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་2020ལོའི་སྒོར་དུང་ཕྱུར་ཁྲི་39.1ནས་2024ལོའི་སྒོར་དུང་ཕྱུར་ཁྲི་48.3བར་འཕར་བ་དང་། ལོར་ཆ་སྙོམས་འཕར་ཚད་5.5%ཟིན་ནས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་བར་ལོར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་60%ཙམ་ཟིན་པ་དང་སྒུལ་ཤུགས་གཙོ་བོའི་ནུས་པ་རྒྱུན་མཐུད་ངང་མངོན་གསལ་དོད་དུ་ཕྱིན་ཡོད། རང་རྒྱལ་ལ་མི་འབོར་དུང་ཕྱུར་14ལྷག་ཙམ་དང་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་ཡོད་པ་དེར་མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པས། གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་ཤོས་སུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད།
རང་རྒྱལ་གྱི་གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རའི་ལེགས་ཆ་བེད་སྤྱོད་ཡག་པོ་བྱེད་པ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་ཐིག་མཐའ་འཁྱོངས་བྱེད་པ། འཛད་སྤྱོད་ལ་སྐུལ་འདེད་དང་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་སྤྱི་འདོམས་བྱེད་པ། འཛད་སྤྱོད་ཆེར་གཏོང་གི་ཆེད་དོན་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ཏེ། ཕྱོགས་གཅིག་ནས་འཛད་རྫས་མཁོ་སྤྲོད་ཀྱི་འོས་འཚམ་རང་བཞིན་ཆེ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཁྲོད་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ན། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་སྐྱེས་སྒུལ་ཤུགས་དང་བློས་འགེལ་རང་བཞིན་ཆེ་རུ་གཏོང་ཐུབ།
སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པ་ནི། སྤྱི་ཡོངས་དང་འབྲེལ་བ་ཡོད་ལ་འགན་འཁྲི་ཡང་ལྕི་པོ་ཡིན་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་། དཔལ་འབྱོར་དུས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱས་ནས་ཕྱོགས་ཁག་གི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་ནུས་དངོས་ལ་བསྒྱུར་བ་དང་། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།
(བསྟན་འཛིན་བློ་གྲོས་དང་པ་སངས་ཕན་ཐོགས་ཀྱིས་སྒྱུར་ཞུས་བྱས)