འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག《ཉིང་ཁྲི་གྲོང་ཁྱེར་གྱི་དམངས་སྲོལ་གནས་ཚང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང《སྲོལ་ཡིག》དེ་2026ལོའི་ཟླ་2ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》ནང་ཞིང་འབྲོག་པ་དང་། གཉེར་སྐྱོང་བ། ལས་རིགས་ཀྱི་མཐུན་ཚོགས་བཅས་དང་དེ་བཞིན་གཞི་རིམ་ལས་བྱེད་པ་སོགས་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཏེ་མཐར་བསམ་འཆར་དང་གྲོས་འགོ་ཁག་29གྲུབ་ནས་དམངས་སྲོལ་གནས་ཚང་ཐོན་ལས་འཕེལ་རྒྱས་གཏོང་རིང་གི་སྐུལ་སྤེལ་དང་། ཚད་ལྡན། ལྟ་འདོམས་བཅས་དང་ཞབས་ཞུའི་ལྟེ་བའི་ལྷུ་ཚིགས་ལ་དམིགས་ནས་ཚད་ལྡན་བཟོས་ཡོད། དམངས་སྲོལ་གནས་ཚང་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་འཆར་འགོད་བཟོས་ཏེ་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་འཛུགས་སྐྲུན་ལ་སྤྱི་འདོམས་བྱ་རྒྱུ་བཏོན་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་བོགས་གཏོང་དང་། རྐང་ཞུགས། མཉམ་ལས་སོགས་རྣམ་པ་བརྒྱུད་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་འོག་ཁྲིམས་མཐུན་གྱི་སྡོད་གནས་སྤྱད་དེ་དམངས་སྲོལ་གནས་ཚང་འཕེལ་རྒྱས་གཏོང་དགོས་པ་ཁ་གསལ་བཏོན་པ། དམངས་སྲོལ་གནས་ཚང་གི་རིམ་པར་ཞིབ་དཔྱད་གཏན་འཁེལ་དང་ས་ཁོངས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་ཁྱབ་གདལ་ལམ་སྲོལ་བཙུགས་པ། དམངས་སྲོལ་གནས་ཚང་གཉེར་སྐྱོང་དང་དོ་དམ་དང་དེ་བཞིན་རིག་གནས་རྒྱུན་འཛིན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། དམངས་སྲོལ་གནས་ཚང་གཉེར་བ་དང་འབྲེལ་བ་ཡོད་པའི་ལག་འཁྱེར་བཟོ་བའི་ལས་རིམ་སྟབས་བདེ་རུ་གཏོང་བ་དང་། ལྷག་པར་དུ། དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་མཁན་གྱིས་ཡུལ་དེ་གའི་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་པ་དང་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྲུང་སྐྱོང་ཚན་པ་དང་མཉམ་ལས་བྱས་ཏེ་རིག་གནས་ཀྱི་སྙིང་དོན་ཟབ་ཏུ་དང་སྤུས་ཀ་ལེགས་སུ་གཏོང་བར་སྐུལ་ལྕག་བྱས་ཡོད། དམངས་སྲོལ་གནས་ཚང་འཛུགས་སྐྲུན་གྱི་གྲུབ་ཆ་དང་། མེ་ཟོན། བདེ་སྐྱོང་། བཟའ་བཅའ། འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོང་། ཞབས་ཞུའི་གྲོན་བསྡུ་སོགས་གཉེར་སྐྱོང་བྱེད་སྟངས་ཚད་ལྡན་བཟོས་ཏེ་ཚད་གཞི་དང་བླང་བྱ་ཁ་གསལ་བཏོན་པ་དང་། དམངས་སྲོལ་གནས་ཚང་གཉེར་སྐྱོང་བའི་བདེ་འཇགས་འགན་ལེན་འོས་འགན་ཁ་གསལ་བཟོས་ནས། ཞག་སྡོད་འགྲུལ་པས་གསར་སྤེལ་བྱས་མེད་པ་དང་སྒོ་དབྱེ་མེད་པའི་ས་ཁོངས་སུ་འཛུལ་ནས་ཉེན་དཔྱད་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུ་བཀག་འགོག་བྱེད་དགོས་པ་ཡིག་ཐོག་ནས་གསལ་པོ་བཀོད་པ། སྡེ་ཚན་བསྒྲལ་བའི་མཉམ་འབྲེལ་ཞིབ་བཤེར་དང་། ཡིད་རྟོན་ཆ་འཕྲིན་དོ་དམ། ལས་རིགས་རང་གཅུན་ཚད་ལྡན་བཅས་དང་དེ་བཞིན་འཛད་སྤྱོད་རྩོད་གཞི་ཐག་གཅོད་སོགས་ལྟ་འདོམས་ལམ་སྲོལ་སྣ་མང་བཙུགས་ཡོད་པ་བཅས་རེད།