《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月14日

“རི་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པའི་མུ་འབྲེལ་གསར་འགྱུར།

ཕོ་རྒོད་པོའི་གསོ་སྤེལ་ཐབས་ཤེས་བཟང་། འབྲོག་རྩྭ་ཐང་འབབ་འཕར་རྟེན་གཞིར་གྱུར།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡུས་ཀྲེན། ཡུས་ཧུའེ།

འདི་ནི་རབ་བརྟན་དང་ལས་རོགས་ཀྱིས་དགུན་ཁའི་གཟན་རྩྭ་བསྡུ་བཞིན་པ།

2024ལོའི་ཟླ་12ཚེས་7ཉིན་ཏེ། ཁ་བ་ལྷབ་ལྷུབ་ཏུ་བབས་པའི་དགུན་དུས་ཀྱི་ཉིན་མོ་དེ་རབ་བརྟན་གྱིས་ནམ་ཡང་བརྗེད་མི་སྲིད།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོའི་རྫ་ར་གྲོང་ཚོ་ཨུ་ལྷན་གྱི་སྒོ་ར་ཆེན་པོའི་ནང་འབྲོག་དུད་78ཀྱིས་ལག་ཏུ་བགོ་འགྲེམས་བརྒྱབ་མ་ཐག་པའི་དངུལ་སྨར་འཁྱེར་ཞིང་། ངོ་གདོང་ལས་དགའ་བའི་འཛུམ་མདངས་ངང་གིས་འཕྱུར་བཞིན་མཆིས།

ཁེ་སྤོགས་སྒོར་ཁྲི་59.88བྱུང་བ་དེས་འགན་གཙང་གྲོན་དངུལ་སྒོར་ཁྲི་5འཇལ་བ་མ་ཟད། ད་དུང་འབྲོག་དུད་78ཀྱི་མི་468ལ་བགོ་འགྲེམས་སྒོར་ཁྲི་4.134བརྒྱབ་པ་རེད། མི་ཚོགས་ཀྱི་རྒྱབ་ཏུ་ལངས་པའི་རབ་བརྟན་གྱིས་རྣམ་པ་དེ་མཐོང་སྐབས་ཕྲག་སྟེང་གི་འགན་འཁྲི་ལྕི་པོ་དེ་ཕབ་ཐུབ་པའི་ཚོར་སྣང་ཞིག་གཞི་ནས་བྱུང་ཞིང་། འབྲི་གཡག་རིམ་སྤོར་ཇུས་འགོད་ཀྱི་སྣེ་ཁྲིད་པ་ཡིན་པའི་ཁོང་གིས་འཛུམ་མདངས་རེ་རེ་ནི་རྩྭ་ཕྱུགས་དོ་སྙོམས་ཀྱི་སྐྱེ་ཁམས་ཀྱི་རྒྱུགས་ལན་ཞིག་དང་སྤུས་རྟགས་ཀྱིས་མཐུན་རྐྱེན་སྦྱར་བའི་འབབ་འཕར་གྱི་གསང་ཨང་ཞིག་ཡིན་པ་མ་ཟད། དེ་བས་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འབྲོག་པའི་རེ་འདོད་དེ་དོན་དངོས་སུ་གྱུར་བ་ཤེས་ཚོར་ཟབ་མོ་བྱུང་ཡོད།

2019ལོར་ཕྱིར་མིག་བལྟས་ཚེ། རབ་བརྟན་གྱིས་སོག་རུ་ཡུལ་ཚོའི་རྫ་ར་གྲོང་ཚོའི་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོའི་འགན་འཁུར་སྐབས་གྲོང་ཚོ་དེའི་འབྲོག་ལས་ཐད“གསོ་མང་འབབ་ཉུང”གི་དཀའ་ངལ་འཕྲད་ཅིང་། “སྐབས་དེ་དུས་འབྲོག་པས་ཕྱུགས་ཟོག་མང་དུ་བཏང་སྟབས་རྩྭ་རའི་རྩྭ་ཇེ་ཉུང་དུ་སོང་ནས་འབྲི་གཡག་གི་ཤ་ཤེད་ཞན་པས་ཉོ་སྒྲུབ་ཚོང་པས་རིན་གོང་ཡག་པོ་སྤྲོད་ཀྱི་མེད” རབ་བརྟན་གྱིས་སྐབས་དེ་དུས་ཀྱི་རྩིས་ཐོ་ཁ་ཕྱེ་སྐབས་དེ་སྔའི་དཀའ་ངལ་བཀོད་ཡོད་པ་སྟེ། སྲོལ་རྒྱུན་གྱི་གསོ་སྤེལ་བྱེད་སྟངས་འོག་རྩྭ་ཕྱུགས་ཀྱི་འགལ་བ་མངོན་གསལ་དོད་པ་དང་། འབྲི་གཡག་བཤས་གཏོང་བའི་དུས་འཁོར་རིང་ལ་སྐྱེ་འཕེལ་བྱེད་ཚད་དམའ་བ། ཕྱིར་ཚོང་ཐབས་ལམ་ཉུང་བ། ཟུར་བསྣན་རིན་ཐང་ཆུང་བ་བཅས་དབང་གིས་འབྲོག་པས་ལོ་གང་དཀའ་བ་སྤྱད་ཀྱང་བགོ་འགྲེམས་ཕྲན་བུ་ལས་མེད།

སྲོལ་རྒྱུན་གྱི་འབྲི་གཡག་གསོ་སྤེལ་བྱེད་སྟངས་ཀྱི་བཀག་རྒྱ་ཇི་ལྟར་གཏོར་དགོས་སམ། 2021ལོར་མཚོ་སྔོན་གྱིས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ཟོག་ཕྱིར་གཏོང་བྱ་ཡུལ་གཏོད་པའི”འགོ་འཛུགས་ལོར་སྐྱེ་ཁམས་དང་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་དེ་རབ་བརྟན་གྱི་རིམ་སྤོར་འཆར་གཞིའི་ཚད་བརྒལ་བྱེད་སར་གྱུར་པ་རེད།

“འབྲོག་པར་ཡོང་འབབ་འཕར་ཐབས་བྱེད་པར་སྔོན་ལ་རྩྭ་ཐང་གི་ཁུར་པོ་ཡང་དུ་གཏོང་དགོས” རབ་བརྟན་གྱིས་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་དེས་ཡུན་རིང་འཁྱོལ་དཀའ་བ་ཤེས་ཏེ་དཔའ་མི་ཞུམ་པའི་སྙིང་རུས་ལ་བརྟེན་ནས་སྲིད་ཇུས་ལ་ཞིབ་འཇུག་གཏིང་ཟབ་དང་དཔེ་མཚོན་དཔྱད་གཞིར་འཛིན་ནས་འབྲི་གཡག་རྩྭ་ཁ་རེས་སྐོར་གྱིས་འཚོ་རྒྱུ་དེ་ཐོན་ལས་ཕྱོགས་སྒྱུར་ཚད་བརྒལ་བྱེད་པའི་གོམ་སྟབས་དང་པོར་བརྩིས་པ་རེད།

དུས་ཚིགས་རང་བཞིན་གྱི་ཕྱུགས་འཚོའི་རྩྭ་ར་དེ་དགུན་དཔྱིད་ཕྱུགས་འཚོ་སའི་རྩྭ་ར(དགུན་མཚེར)དང་། དབྱར་དུས་ཕྱུགས་འཚོ་སའི་རྩྭ་ར(དབྱར་མཚེར) སྟོན་དུས་ཕྱུགས་འཚོ་སའི་རྩྭ་ར(སྟོན་མཚེར)བཅས་སུ་དབྱེ་ཡོད། རབ་བརྟན་གྱིས་དུས་ཚིགས་ཀྱི་འགྱུར་ལྡོག་དང་ཕྱུགས་རྩྭ་སྐྱེ་འཚར་གནས་ཚུལ་ལ་གཞིགས་ཏེ་ཕྱུགས་འཚོ་སའི་ལམ་ཐིག་འཆར་འགོད་གནད་སྨིན་བྱས་ཐོག་རྩྭ་ར་ཚང་མར་སླར་གསོའི་དུས་ཚད་འདང་ངེས་ཡོང་ཐབས་བྱས་ཡོད།

ད་ཆའི་རྫ་ར་གྲོང་ཚོའི་རྩྭ་ཐང་དུ་སྔོ་ཁེབས་ཁྱབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། འབྲི་གཡག་ཁྱུ་དང་ཁྱུ་འགྲིག་ནས་བག་ཕེབས་ངང་ཟས་འཚོལ་བའི་རྣམ་པ་དེ་ལས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་རིས་ཤིག་མངོན་འོང་།

2022ལོར་དེ་སྔོན་གསོག་འཇོག་བྱས་པའི་འཕེལ་རྒྱས་ཀྱི་རྨང་གཞི་གཞིར་བཟུང་རྫོང་གིས་འབྲི་གཡག་སྟོང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་དེ་རྫ་ར་གྲོང་ཚོར་བསྐྲུན་པས། དེས་ཏག་ཏག་རབ་བརྟན་གྱི་འཆར་གཞི་དོན་འཁྱོལ་བྱེད་པར་འདེགས་སྐྱོར་གང་ལེགས་བྱུང་ཡོད།

2023ལོར་འབྲི་གཡག་སྟོང་གི་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་དངོས་སུ་འཁོར་རྒྱུག་བྱེད་འགོ་ཚུགས་པ་དང་རྒྱུད་བཟང་འབྲི་གཡག་690ལྷག་ཙམ་སྒྲིག་བཀོད་ཆ་ཚང་བའི་ཕྱུགས་ཚང་དུ་གསོ་ཐུབ་པའི་ཁར་མཉམ་ལས་ཁང་གི་སྔར་ཡོད་ཀྱི་འབྲི་གཡག་300ལྷག་ཙམ་ཡོད་པ་དག་གྲོང་ཚོ་དེ་གའི་ཡུལ་མི་བརྒྱད་ལས་གསོ་ཚགས་རུ་ཁག་གྲུབ་ནས་གཅིག་སྡུད་ངང་འཚོ་གི་ཡོད། དེ་དང་ཆབས་ཅིག་རབ་བརྟན་གྱིས་ཀྲོའུ་དང་རྫོང་གི་ཞིང་འབྲོག་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལག་རྩལ་པ་གདན་དྲངས་ནས་འབྲི་གཡག་གི་རྒྱུད་པ་ལེགས་བཅོས་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གསོ་སྦྱོང་གི་མཛུབ་ཁྲིད་བྱས་པ་རེད།

“སྔོན་ཆད་ལག་པས་གཟན་ཆག་སྟོར་བ་དང་ད་ཆ་འཕྲུལ་ཆས་ལ་བརྟེན་པས་ངལ་ནུས་གྲོན་ཆུང་ཐུབ་པའི་ཁར་སྙོམས་པོ་སྟེར་ཐུབ་ཀྱི་ཡོད” གསོ་ཚགས་པས་འབྲི་གཡག་གསོ་སྤེལ་གྱི་ཚད་ལྡན་ལས་རིམ་གཞིར་བཟུང་གཟན་ཆག་གནད་སྨིན་བཀོད་སྒྲིག་དང་དུས་ཐོག་ཏུ་རིམས་འགོག་དུག་སེལ་བྱས་ཏེ་གསོ་སྤེལ་གཡོག་བྱེད་ཐད་ཞིབ་ཚགས་ལ་རྒྱུད་པ་ཞན་གྱུར་འགོག་ཐུབ་པས་དེ་སྔ་ལྗིད་ཚད་མི་ལོན་པའི་འབྲི་གཡག་དེ་དག་ད་ཆ་ཚང་མ་ཤ་ཤེད་བཟང་བར་གྱུར་ཡོད།

རབ་བརྟན་གྱིས་འབྲི་གཡག་ཡག་པོ་གསོ་ཐུབ་པའི་དཀའ་གནད་ཐག་གཅོད་བྱས་རྗེས་བྲིན་ཁ་རྒྱུག་པོ་ཡོང་ཐབས་བྱས་ཤིང་། ཁོང་གིས་ཁྲོམ་རའི་འགྱུར་ལྡོག་གི་ཚོད་འཛིན་མི་ཕོག་པ་བྱ་ཆེད་ས་གནས་དེ་གའི་འབྲི་གཡག་གི་ཐོན་རྫས་ལས་སྣོན་གྱི་སྣེ་འདྲེན་ཁེ་ལས་དང་མངགས་ཐོ་རྣམ་པའི་མཉམ་ལས་བྱས་རྗེས། མཉམ་ལས་ཁང་ལ་ཕྱིར་འཚོང་གི་ཐབས་ལམ་བརྟན་པོ་ཞིག་བྱུང་ཡོད། ད་ཆ“གཅིག་སྒྲིལ་རྫོང་གི་འབྲི་གཡག་ཡག་ཉེས་སོག་རུ་ཡུལ་ཚོར་ལྟོས། སོག་རུ་ཡུལ་ཚོའི་འབྲི་གཡག་ཡག་ཉེས་རྫ་ར་གྲོང་ཚོར་ལྟོས”ཞེས་པའི་མཚན་སྙན་གང་སར་ཁྱབ་ཡོད།

ནུབ་ཁའི་ཉི་འོད་འོག་རབ་བརྟན་གྱིས་བེའུ་ལ་བྱིལ་བྱིལ་བྱེད་ཞོར་དུ“གོམ་སྟབས་རྗེས་མར་རིག་ལྡན་འབྲོག་ར་བསྐྲུན་ནས། མི་མེད་གནམ་གྲུས་འབྲོག་རར་སྐོར་གཡེང་དང་རིག་ནུས་རྣ་རྟགས་ཀྱི་ཁུངས་འདེད་བྱས་ཏེ་གནས་འདིའི་འབྲི་གཡག་ཚང་མར‘ཐོབ་ཐང་ལག་ཁྱེར’ཡོང་རྒྱུ་རེད”ཅེས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་བཤད།

“གསོ་མང་འབབ་ཉུང”ནས“གསོ་ཉུང་འབབ་མང”བར་དང“ཕྱུགས་འཚོ་ཚད་ལས་བརྒལ་བ”ནས“རྩྭ་ཕྱུགས་དོ་སྙོམས”བར་གྱི་འགྱུར་ལྡོག་ནི་མཉམ་ལས་ཁང་ཞིག་གི་ཕྱོགས་སྒྱུར་གཏམ་རྒྱུད་ཙམ་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་འབྲོག་ལས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད། 2021ལོར་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དུ་བཏོད་པ་ནས་བཟུང་། མཚོ་སྔོན་གྱིས་སྐྱེ་ཁམས་འབྲོག་ལས་མཉམ་ལས་ཁང་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། ཚན་རྩལ་གསར་གཏོད་དང་། རྩྭ་ཕྱུགས་དོ་སྙོམས། ཚོང་གཉེར་ལམ་སྲོལ། ལྗང་མདོག་འཁོར་སྐྱོད་སོགས་ཀྱི་ཐད་ཚོད་ལྟའི་དཔེ་མཚོན་གྱི་ཉམས་མྱོང་ཁག་གཅིག་བསགས་པ་དང་། མཐོ་གྲང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ལས་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་འདྲ་བཟོ་བྱེད་ཆོག་པའི“མཚོ་སྔོན་གྱི་མ་དཔེ”མཁོ་འདོན་བྱས་ཡོད། ས་མཐོའི་ས་གཞི་ཆེན་པོ་དེའི་སྟེང་རབ་བརྟན་དང་འདྲ་བའི་འབྲོག་པ་དེ་བས་མང་པོ་ཞིག་གིས་རྩྭ་ཐང་སྲུང་སྐྱོང་གིས་བདེ་སྐྱིད་འཚོ་བར་རོལ་བཞིན་རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་དངོས་འབྲེལ་སྒྱུར་བར་འབུངས་བཞིན་མཆིས།

(བསོད་ནམས་བདེ་སྐྱིད་ཆེ་བ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)