《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月14日

“ཚན་རིག་བར་མཐོངས་ཉམས་ལེན”གྱིས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་ཁྱབ་གདལ་མཉམ་ལས་ལ་རམ་འདེགས་བྱེད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཏའེ་ཁའེ་རན།

ཉིན་ཤས་གོང་། ཀྲུང་གོ་ཚན་རིག་ལག་རྩལ་ཁང་དང་ལྷོ་ཨ་ཧྥེ་རི་ཁའི་Sci-Bonoཚན་རིག་ལྟེ་གནས་ཀྱིས་མཉམ་ལས་བྱས་ནས་བསྐྲུན་པའི“ཚན་རིག་ཉམས་ལེན་ཁུལ”སྤྱི་དམངས་ལ་དངོས་སུ་སྒོ་ཕྱེ་བ་རེད། “ཚན་རིག་བར་མཐོངས་ཉམས་ལེན་ཁུལ”གྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་200ཙམ་ཟིན་པ་དང་། དེའི་ནང“བསམ་གཞིག་སྦྱོང་བརྡར”དང་། “མངོན་མིན་རིག་གནས་ཤུལ་བཞག་གི་ཚན་རིག་ཉམས་སྣང” “VRཉམས་ལེན”སོགས་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་ཁུལ་བཞི་བཙུགས་ནས། ཀྲུང་གོའི་ཚན་རིག་ལག་རྩལ་ཁང་གི་རྩེར་སོན་རྣམ་གྲངས་མང་པོ་འགྲེམས་སྟོན་བྱས་ཡོད། དེའི་ནང“མངོན་མིན་རིག་གནས་ཤུལ་བཞག་གི་ཚན་རིག་ཉམས་ལེན་ཁུལ”གྱིས་ཀྲུང་གོའི་སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་ལག་རྩལ་ཁྲོད་ཀྱི་ཚན་རྩལ་གྱི་ཐབས་བཟང་བསམ་ཚུལ་མངོན་པ་དང་། ལྟད་མོ་བ་ཚོས་མཉམ་འགུལ་སྒྲིག་ཆས་བརྒྱུད་སུའུ་ཤིའུ་འཚེམ་སྒྲུག་རྒྱག་སྟངས་ཉམས་ལེན་དང་། གནའ་བོའི་ཟངས་ཀྱི་མེ་ལོང་གི“འོད་འཕྲོའི”ལྐོག་གྱུར་འཚོལ་ཞིབ། ད་དུང་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་གྱི་མཐུན་སྒྲིལ་སྙིང་སྟོབས་མྱོང་ཚོར་བཅས་བྱེད་ཆོག འདི་གར་ད་དུང་ཚན་རིག་སློབ་གསོའི་བྱེད་སྒོ་ཁུལ་བཙུགས་ཡོད་པ་དང་། དུས་བཀག་ལྟར་སྒོ་དབྱེ་རྣམ་པའི་ཚན་རིག་སློབ་ཚན་འཚོགས་ནས་ལྟད་མོ་བ་རྣམས་ཀྱིས་ལག་ལེན་བཀོལ་སྤྱོད་བྱེད་རིང་ཚན་རིག་གི་སྤྲོ་སྣང་ཉམས་ལེན་བྱེད་ཆོག

2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་རིང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་གསར་གཏོད་པུའུ་དབར་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པ་རེད། འདི་ལོའི་ཟླ་3པར། ཀྲུང་གོ་ཚན་རིག་ལག་རྩལ་ཁང་དང་ལྷོ་ཨ་ཧྥེ་རི་ཁའི་Sci-Bonoཚན་རིག་ལྟེ་གནས་དབར་མཉམ་ལས་གྲོས་མཐུན་བཞག་ནས“ཚན་རིག་བར་མཐོངས་ཉམས་ལེན་ཁུལ”མཉམ་ལས་འཛུགས་སྐྲུན་བྱས་པ་རེད། ལྷོ་ཨ་ཧྥེ་རི་ཁའི་Sci-Bonoཚན་རིག་ལྟེ་གནས་ཀྱི་དབུ་བཞུགས་ལག་བསྟར་དཔོན་མུའུ་ཧྥ་ནེ་ལུའོ·ཨེན་སོ་པི་ཡིས“རྣམ་གྲངས་དེར་ཕུན་སུམ་ཚོགས་པའི་སློབ་གསོ་འགྲེམས་སྟོན་གྱི་ཐོན་ཁུངས་དང་མཉམ་འགུལ་ཉམས་ལེན་འདུས་ཡོད་པས་ལྷོ་ཨ་ཧྥེ་རི་ཁའི་སློབ་མའི་ཡ་མཚན་གྱི་བསམ་པ་དང་ཚན་རིག་གསར་གཏོད་ཀྱི་སྤྲོ་སྣང་འཕེལ་བར་ཕན་ཐོགས་ཡོད། དེ་ནི་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་མཉམ་ལས་བྱས་ནས་ཚན་རིག་ཁྱབ་གདལ་སློབ་གསོར་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་རེད”ཅེས་བརྗོད་པ་རེད།

ཀྲུང་གོ་ཚན་རིག་ལག་རྩལ་ཁང་གི་ཀོན་ཀྲང་གཞོན་པ་དབྱི་ལིན་གྱིས“ཚན་རིག་བར་མཐོངས་ཉམས་ལེན་ཁུལ”ནི་ཀྲུང་གོ་ཚན་རིག་ལག་རྩལ་ཁང་གིས་ཨ་ཧྥེ་རི་ཁར་ཐོག་མར་ལག་ལེན་བསྟར་བའི“ཆུང་ལ་མཛེས་པའི”ཚན་རིག་ཁྱབ་གདལ་གྱི་རྣམ་གྲངས་ཤིག་རེད། སྤུས་ལེགས་ཚན་རིག་ཁྱབ་གདལ་ཐོན་ཁུངས་འགྲེམས་སྟོན་དང་སློབ་གསོ་མཉམ་འགུལ་གྱི“མ་དཔེ་ཁང”ཡིན་པའི་རྣམ་གྲངས་དེས་ཚན་རིག་སློབ་གསོ་འགྲེམས་སྟོན་དང་། མཉམ་འགུལ་ཉམས་ལེན། མཉམ་དུ་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཚན་རིག་སློབ་གསོ་སྤེལ་རེས་ལ་སྐུལ་འདེད་བཏང་ནས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཉམ་དུ་མཐོ་རུ་གཏོང་རྒྱུ་རེད།

(འདི་ག་ཚགས་པར་ཁང་དུ་གཡོད་ཧན་ནེ་སི་པའོ་ནས་འབྱོར་བའི་གློག་འཕྲིན)

(རིག་རྡོར་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)