ནང་དོན་གཙོ་བོ།
ཉེ་ཆར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་འཛུགས་པའི་བརྒྱུད་རིམ་ཧྲིལ་པོར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་པ་དང་། སའི་གོ་ལའི་མ་ལག་གི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་གཏོང་ལས་སྟེགས་བཙུགས་པ། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་འཛུགས་སྐྲུན་དང་རང་བྱུང་སྲུང་སྐྱོང་བྱ་ཡུལ་མ་ལག་ལེགས་གཏོང་ཇུས་གཞི་བཏོན་པ་སོགས་ཚུད་པའི“ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་ནས། མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྒྱུ་རྐྱེན་གསལ་པོར་བསྟན་ཡོད་པས། མཚོ་བོད་ས་མཐོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་སྣེ་གསུམ་པ་བཅས་ཡིན་པ་མ་ཟད། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་ཞིག ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་བཅས་ཡིན། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ་བྱས་ནས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྒྱུ་རྐྱེན་གསལ་སྟོན་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མ་ལག་ལེགས་སུ་གཏོང་རྒྱུ་དེ་མཚོ་བོད་ས་མཐོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
“ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ”ལས་ཚན་རིག་རྟོག་ཞིབ་ཀྱི་འཕེལ་རིམ་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་པ།
མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ(གཤམ་དུ“མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ”ཞེས་བསྡུ་རྒྱུ)དེ་2017ལོའི་ཟླ་བརྒྱད་པར་སྤེལ་འགོ་ཚུགས་ཤིང་། ཉེ་ཆར། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཕྱོགས་བསྡུས་འདུས་གྲུབ་དང་ཉེར་སྤྱོད་ཡོངས་བསྒྲགས་ཚོགས་འདུ་བོད་ལྗོངས་ལྷ་སར་འཚོགས་ནས“ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ” ཁྱབ་བསྒྲགས་བྱས་པ་མ་ཟད། ཡིག་རིས་དང་། དངོས་རྫས། གྲངས་འཛིན་ཅན་བཅས་ཀྱི་འགྲེམས་སྟོན་བརྒྱུད་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རྩེ་རིམ་ཇུས་འགོད་དང་། མཚོན་རྟགས་རང་བཞིན་གྱི་འཕེལ་རིམ། གྲུབ་འབྲས་མ་ལག་ཆེན་པོ་བཞི་དང་། དེ་བཞིན་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཁག་30སོགས་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་ཡོད།
“མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དེ་སྐྱེ་ཁམས་སྲུང་སྐྱོང་དང་། གནོད་འཚེ་སྔོན་འགོག་དང་ཚོད་འཛིན། ཐོན་ཁུངས་དང་ནུས་རྒྱུ་རྟོག་ཞིབ། ཐཱན་བསྡུ་ལེན་དང་ཕྱིར་འབུད་བྱེད་ཚད་ཞིབ་རྩིས། འགྲིམ་འགྲུལ་བདེ་འཇགས་འགན་སྲུང་། མཐའ་མཚམས་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་གཉིས་པའི་རུ་དཔོན་ཡའོ་ཐན་ཏུང་གིས་བརྗོད།
ད་ཐེངས་ཁྱབ་བསྒྲགས་བྱས་པའི“ཉེར་སྤྱོད་གྲུབ་འབྲས་ཆེན་པོ་བཅུ”ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་འཛུགས་པའི་བརྒྱུད་རིམ་ཧྲིལ་པོར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བཅད་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱས་པ་དང་། སའི་གོ་ལའི་མ་ལག་གི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་གཏོང་ལས་སྟེགས་བཙུགས་ནས། གཙོ་གནད་ལས་གྲྭ་དང་རྒྱལ་སྒྲོལ་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ལ་རམ་འདེགས་བྱས་པ། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་འཛུགས་སྐྲུན་དང་རང་བྱུང་སྲུང་སྐྱོང་བྱ་ཡུལ་མ་ལག་ལེགས་གཏོང་ཇུས་གཞི་བཏོན་ནས། འབྲེལ་ཡོད་རྒྱལ་ཁབ་སྤྱི་གླིང་འཛུགས་པར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་པ། མཚོ་བོད་ས་མཐོའི་དེ་སྔའི་གཙོ་གནད་སྐྱེ་ཁམས་ལས་གྲྭའི་དྲང་ཕྱོགས་ཕན་འབྲས་ལ་དཔྱད་དཔོག་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ། ཁྲོན་བོད་ལྕགས་ལམ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་གནོད་འགོག་ཉེན་གཡོལ་གྱི་ལེགས་འདེམས་ཇུས་གཞི་བཏོན་ནས། གཙོ་གནད་འགྲིམ་འགྲུལ་ལས་གྲྭའི་བདེ་འཇགས་ལ་འགན་ལེན་བྱས་པ། ལོ་མང་གི་འཁྱགས་ས་ཁུལ་གྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་གསར་གཏོད་བྱས་ནས། མཚོ་བོད་མྱུར་བགྲོད་ལས་གྲྭ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱས་པ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་འཁྱགས་པ་དང་། ཆུ། བྱེ་མ་བཅས་ཀྱི་གནོད་འཚེ་དང་ཉེན་ཁར་དཔྱད་དཔོག་བྱས་ནས། གཙོ་གནད་ཆུ་གློག་ལས་གྲྭ་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ། ལིས་ཅཱ་དང་སྣུམ་རླངས་སོགས་ཀྱི་གཏེར་རྫས་ཐོན་ཁུངས་དང་ནུས་རྒྱུའི་གནས་སྟངས་དང་འབྱུང་འགྱུར་ལ་ཚད་བརྒལ་གསར་པ་ཡོང་བར་བྱས་ནས། མཚོ་བོད་ས་མཐོའི་འཐབ་ཇུས་ཐོན་ཁུངས་དང་ནུས་རྒྱུ་གསོག་འཇོག་རྟེན་གཞིའི་འཛུགས་སྐྲུན་ལ་འདེགས་སྐྱོར་བྱས་པ། མཚོ་བོད་ས་མཐོའི་དྲོད་ཁང་གི་རླུང་གཟུགས་ཚན་རིག་རྟོག་ཞིབ་ལྟ་ཞིབ་ཚད་ལེན་དྲ་བ་དང“གངས་དཀར”མ་ལག་གིས་ཐཱན་ཞིབ་རྩིས་ལ་ཀྲུང་གོའི་རང་བདག་མ་ལག་དང་གྲངས་གཞི་རྒྱུན་མཐུད་མཁོ་འདོན་བྱས་ནས། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཞབས་འདེགས་ཞུས་པ། མཐའ་སྟོབས་མཐའ་བརྟན་མཐའ་དར་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་བཏོན་ནས། རྒྱལ་ཁབ་ས་ཆའི་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱས་པ་བཅས་རེད།
ཚན་རིག་གི་མདུན་གྲལ་ལ་དམིགས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་ཞབས་འདེགས་ཞུས་པ།
ཡའོ་ཐན་ཏུང་གིས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི“འགྱུར་ལྡོག་ལ་ལྟ་བ་དང་། ཆོས་ཉིད་འཚོལ་བ། ཐབས་ཇུས་འཚོལ་བ”བཅས་ཀྱི་དམིགས་ཚད་ནི་ཚན་རིག་གི་མདུན་གྲལ་ལ་དམིགས་པ་མ་ཟད། མཚོ་བོད་ས་མཐོའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ལ་དེ་བས་ཞབས་འདེགས་ཞུས་ནས། རིག་ཚན་མང་པོ་སྣོལ་སྡེབ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ་ནན་བཤད་བྱས་ཡོད་ཅེས་ངོ་སྤྲོད་བྱས།
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱས་ཚུན། རང་རྒྱལ་གྱིས་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་ཐེངས་3000ལྷག་ཙམ་དང་མི་ཐེངས་ཁྲི་3ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ས་མཐོའི་དབུས་རྒྱུད་དུ་བསྐྱོད་ནས་མཚོ་བོད་ས་མཐོ་ཡོངས་ལ་ཁྱབ་པའི་ཚན་རིག་རྟོག་ཞིབ་བྱས་པ་དང་། ལས་འགན་ཆེན་པོ་བཅུ་དང་ཆེད་དོན་70ལྷག་ཙམ་སྤྱི་འདོམས་ཀྱིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཁུལ་ཆེན་ལྔའི་གཙོ་གནད་ཁུལ་19ཡོངས་ལ་ཚན་རིག་རྟོག་ཞིབ་བྱས་པར། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག་དང་ཤུགས་རྐྱེན་དང་། ཐཱན་འདུས་ནུས་པ་དང་མངོན་མེད་སྟོབས་ཤུགས། སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག མིའི་རིགས་ས་མཐོར་འཚམ་པ་དང་ལྗང་མདོག་འཕེལ་རྒྱས། ས་མཐོའི་འབུར་ཐོན་ནུས་འབྲས་སོགས་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ནང་རྒྱལ་ཡོངས་ཀྱི་ཚན་པ་222ཀྱི་མི་7000ལྷག་ཙམ་ཞུགས་ཡོད་ཅིང་། “ཚན་རིག་རྟོག་ཞིབ་རུ་མི་ཡོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་དམིགས་པ་དང་། སའི་གོ་ལའི་མ་ལག་ཚན་རིག་གི་རྒྱལ་སྤྱིའི་མདུན་གྲལ་ལ་དམིགས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་ཞབས་འདེགས་ཞུ་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་ཡའོ་ཐན་ཏུང་གིས་བརྗོད།
ཤེས་རྟོགས་གསར་པས་ཚན་རིག་གི་སྟོང་ཆ་བསྐངས་ནས་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་གནས་བབ་གསལ་སྟོན་བྱས་པ།
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱས་པ་བརྒྱུད། མཚོ་བོད་ས་མཐོར་ཁོར་ཡུག་ཕྱོགས་སྒྱུར་ཐེངས་གསུམ་བྱས་པ་སྟེ། རི་མཚོ་ལྡོག་འཁོར་དང་ཧེ་བག་ཅན་གྱི་འབུར་ཐོན་ལས་དུས་རླུང་བྱང་ཕྱོགས་སུ་ལྡང་བ་དང་དྲོད་གཤེར་ཆེ་བའི་རྒྱ་མཚོའི་ཆུ་རླངས་འདྲེན་པར་བསྐུལ་ནས་ཁོར་ཡུག་ཕྱོགས་སྒྱུར་ཐེངས་དང་པོ་བྱེད་པར་སྐུལ་འདེད་ཐེབས་པ། བྱང་རྒྱུད་འབུར་ཐོན་དང་དེང་རབས་ས་མཐོ་གྲུབ་པར་གྲང་ཐན་ཅན་དང་སྣེ་གསུམ་མཉམ་འགུལ་གྱི་རྣམ་པ་ཆགས་ནས་ཁོར་ཡུག་ཕྱོགས་སྒྱུར་ཐེངས་གཉིས་པ་བྱེད་པར་སྐུལ་འདེད་ཐེབས་པ། གོ་ལ་ཧྲིལ་པོའི་འགྱུར་ལྡོག་དང་མིའི་རིགས་ཀྱི་འགུལ་སྐྱོད་ལས་ས་མཐོ་དྲོད་གཤེར་ཅན་དང་སྔོ་ནག་ཅན་དུ་འགྱུར་ཏེ་ཁོར་ཡུག་ཕྱོགས་སྒྱུར་ཐེངས་གསུམ་པ་བྱེད་པར་སྐུལ་འདེད་ཐེབས་པ་བཅས་ཤེས་རྟོགས་བྱུང་ཡོད།
ཡའོ་ཐན་ཏུང་གིས། ཕྱོགས་བསྡུས་འདུས་གྲུབ་གྲུབ་འབྲས་ཀྱི་ཟུར་ཚད་ནས་བརྡར་ཤ་བཅད་ན། མཚོ་བོད་ས་མཐོ་འདི་ཉིད་ཁོར་ཡུག་ཕྱོགས་སྒྱུར་ཐེངས་གསུམ་པའི་དུས་མཚམས་སུ་གནས་ཡོད་པས། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་ཆུ་མཁོ་སྤྲོད་ནུས་པ་ཆེ་རུ་ཕྱིན་ནས་རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་འགན་ལེན་དང་ཆུའི་བདེ་འཇགས་འཐབ་ཇུས་ལ་འདེགས་སྐྱོར་བྱེད་པ་དང་། ཐཱན་འདུས་ནུས་པ་ཆེ་རུ་ཕྱིན་ཏེ“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་གྱིས་མིའི་རིགས་ལ་ཞབས་འདེགས་ཞུ་བའི་མངོན་མེད་སྟོབས་ཤུགས་ཆེ་རུ་ཕྱིན་ནས། སྐྱེ་དངོས་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་ངང་སྤྱོད་ཐུབ་པར་འགན་ལེན་བྱས་ཡོད། ཁོར་ཡུག་གསར་པ་ཕྱོགས་སྒྱུར་བྱས་པ་དེས་གནས་འཕྲོད་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་པ་དང་ཆབས་ཅིག ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་དོ་སྙོམས་མེད་པ་དང་འཁྱགས་རོམ་འཁོར་རྒྱའི་གནོད་འཚེ་དང་། སྐྱེ་ཁམས་མ་ལག་དོ་སྙོམས་མེད་པ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་ཉེན་ཁ་ཡང་ཐོན་ཡོད་ཅེས་བརྗོད།
མིག་སྔར། མཚོ་བོད་ས་མཐོར་སྐྱེ་དངོས་རིགས་གསར་པ་དང་ཟིན་ཐོ་གསར་པ་འབོར་ཆེན་ཤེས་རྟོགས་བྱུང་བ་དང་བསྟུན་ནས། “དེ་སྔ་སྟོངས་པའམ་ཡང་ན་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཁག་གཅིག་རྙེད་པ་མ་ཟད། ད་དུང་མཚོ་བོད་ས་མཐོར་སྔར་བཞིན་ཤེས་རྟོགས་གང་ལེགས་བྱུང་མེད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིན་ཆེན་གཏེར་མཛོད་ཅིག་ཉར་ཚགས་བྱས་ཡོད་པ་གསལ་བཤད་བྱས་ཡོད”ཅེས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་ཁུན་མིང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སུན་ཧང་གིས་འགྲེལ་བཤད་བརྒྱབ་པ་དང་། ཁོང་གིས། ཤེས་རྟོགས་དེ་དག་གི་དོན་སྙིང་ནི་ཚན་རིག་གི་སྟོང་ཆ་སྐོང་རྒྱུ་ཙམ་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་དེ་ལས“སྐྱེ་དངོས་སྣ་མང་རང་བཞིན་གྱི་རྟེན་མཛོད་ཁང”དང“སའི་གོ་ལའི་ཕྱེད་བྱང་མའི་སྐྱེ་དངོས་རིགས་ཀྱི་འབྱུང་གནས”ཤིག་ཡིན་པའི་མཚོ་བོད་ས་མཐོའི་དམིགས་བསལ་གྱི་གནས་བབ་གསལ་སྟོན་བྱས་ནས། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྲུབ་ཚུལ་དང་དེའི་འཕེལ་འགྱུར་རྒྱུས་ལོན་བྱེད་པར་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད།
(དམ་ཆོས་མི་ཕམ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)