《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་རུ“འགྲོ་བ་མིའི་ཐོབ་ཐང་དང་འཕེལ་རྒྱས”ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཅ་ཁར་ཐ་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་ཧིན་རྡུ་ཉི་ཞི་ཡའི་ཀེན་ཐ་ལ་ཞིབ་འཇུག་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“འགྲོ་བ་མིའི་ཐོབ་ཐང་དང་འཕེལ་རྒྱས”ཀྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཚེས་2ཉིན་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་རུ་འཚོགས་ཤིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཇུས་འདོན་ཚོགས་པའི་མཁས་དབང་དང་། སྤྱི་ཚོགས་ཀྱི་རྩ་འཛུགས། སྨྱན་སྦྱོར་གྱི་འཐུས་མི་སོགས་20ལྷག་ཙམ་ཚོགས་འདུར་ཞུགས་ཡོད།

ཚོགས་ཞུགས་མི་སྣས“འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་ལྟེ་བའི་གཏན་ཚིགས་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལག་ལེན་ཐད་ཀྱི་ངོས་འཛིན་གཅིག་མཐུན་དང་། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་འགན་སྲུང་ཐད་ཀྱི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ལག་ལེན། དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་སྲུང་དང་ཐུན་མོང་ཕྱུག་འགྱུར་གྱི་ལག་ལེན། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཁྲོད་ཀྱི་འཕེལ་རྒྱས་དབང་ཆ་འདྲ་མཉམ་དང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་གྱི་མཉམ་ལས། ལྗང་མདོག་འཕེལ་རྒྱས་དང་ཁོར་ཡུག་གི་ཁེ་དབང་འགན་སྲུང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧྥུའུ་ཙི་ཐང་གིས། འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་རྟག་བརྟན་གྱི་བརྗོད་གཞི་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་དབང་ཆ་ནི་བཙན་འཕྲོག་བྱེད་མི་རུང་བའི་འགྲོ་བ་མིའི་གཞི་རྩའི་དབང་ཆ་ཞིག་ཡིན། གོ་ལ་ཧྲིལ་པོའི་ངོས་ནས་བལྟས་ཚེ། འཕེལ་རྒྱས་ཀྱི་དབང་ཆ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང་ཟུང་འབྲེལ་དམ་ཟབ་བྱུང་ཡོད། རྒྱལ་ཁབ་ཁག་གི་ལག་ལེན་ངོས་ནས་བལྟས་ཚེ། འཕེལ་རྒྱས་འདི་ཉིད་སྔ་བར་ཕྱི་གསུམ་དུ་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩ་དང་འགག་རྩ་ཞིག་ཀྱང་ཡིན། ཀྲུང་གོས་དུས་ཡུན་རིང་པོར་འཚོ་གནས་ཀྱི་དབང་ཆ་དང་། འཕེལ་རྒྱས་ཀྱི་དབང་ཆ་མཐའ་འཁྱོངས་བྱ་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་དབང་ཆ་ཨང་དང་པོར་བརྩིས་ཏེ། འཕེལ་རྒྱས་ལ་བརྟེན་ནས་མི་དམངས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཆེན་པོ་གཉིས་ལ་སྦྲེལ་མཐུད་སྐུལ་སྤེལ་གཏོང་བའི་ཁྲོད་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བརྗོད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)