མ་ཏ་ཀ་སི་ཁའི་རྒྱལ་ས་ཐ་ན་ན་རི་ཝོར་གནས་པའི་ལུའུ་པན་བཟོ་ཁང་ནང་རླངས་འཁོར་བཟོ་སྐྲུན་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཅིར་ཅི་ཨའོ་ཡིས་བྱང་ཆ་དོད་པོས་རླངས་འཁོར་གྱི་གློག་སྒྲོན་ཞིབ་དཔྱད་ཚད་ལེན་གྱི་དངོས་སྦྱོང་སློབ་ཁྲིད་མ་ལག་སྤྱོད་བཞིན་ཡོད་པ་དང་། གོ་རིམ་མ་འཁྲུག་པར་གྲལ་བཤེར་ཞིབ་ཕྲ་བྱས་རྗེས། རིག་ནུས་ཚོད་རྒྱུགས་བདེ་བླག་ངང་ལོན་པ་རེད།
“དངོས་སྦྱོང་སློབ་ཁྲིད་མ་ལག་གིས་རླངས་འཁོར་གྱི་དཔྱད་ཆས་དང་གློག་སྒྲོན་མ་ལག་གི་གྲུབ་ཆ་དང་ལས་ཀའི་བརྒྱུད་རིམ་སླར་གསོ་བྱས་པས། ང་ཚོ་ཉམས་བཟོའི་ལག་ལེན་དངོས་ནང་ཞུགས་ཏེ་སློབ་སྦྱོང་བྱེད་འདོད་ཀྱི་དགོས་མཁོ་བསྐངས་སོང་། སློབ་ཁྲིད་སྒྲིག་ཆས་འདི་དག་ང་ཚོས་བཀོལ་སྤྱོད་གང་འདོད་བྱེད་ཆོག གཏན་འབེབས་ལྟར་ཆ་འཕྲིན་ཐོ་འགོད་བྱས་ནས་བདེ་འཇགས་ངང་བཀོལ་སྤྱོད་ཐུབ་པའི་འགན་ལེན་བྱས་ཚེ། སློབ་གསེང་རིང་སྤྱོད་སྟངས་སྦྱོང་ཆོག་གི་ཡོད”ཅེས་ཅིར་ཅི་ཨའོ་ཡིས་བཤད།
མ་ཏ་ཀ་སི་ཁའི་ལུའུ་པན་བཟོ་ཁང་ནི་ཐེན་ཅིན་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་དང་ཐེན་ཅིན་གྲོང་ཁྱེར་འཕྲུལ་གློག་བཟོ་ལས་སློབ་གྲྭས་ཐ་ན་ན་རི་ཝོ་སློབ་ཆེན་དང་མཉམ་དུ་བསྐྲུན་ཞིང་། 2022ལོའི་ཟླ་2པར་དངོས་སུ་སྒོ་བྱང་བཀལ་ནས་རླངས་འཁོར་བཟོ་སྐྲུན་དང་། གློག་ཤུགས་བཟོ་སྐྲུན། ཆ་འཕྲིན་ལག་རྩལ། འཕྲུལ་ཆས་བཟོ་སྐྲུན་བཅས་ཆེད་ལས་4བཙུགས་ཡོད། ལུའུ་པན་བཟོ་ཁང་གི་འགན་འཁུར་བ་དང་ཐ་ན་ན་རི་ཝོ་སློབ་ཆེན་གྱི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཡོན་ཀྲང་མཱ་སྨི·ཨ་ལན་གྱིས་ལུའུ་པན་བཟོ་ཁང་གིས་དུས་ཡུན་རིང་པོར་ལག་ལེན་གཙོར་བཟུང་གི་སློབ་ཚན་ཇུས་འགོད་བྱས་པའི་དམིགས་ཡུལ་ནི་སློབ་མས་གནད་དོན་དངོས་ཐག་གཅོད་བྱེད་པའི་འཇོན་ཐང་སྦྱངས་ཏེ་ཕྱིས་སུ་ལས་གནས་སུ་ཞུགས་རྒྱུར་རྨང་གཞི་འདིང་ཆེད་རེད་ཅེས་ངོ་སྤྲོད་བྱས། “གོང་གི་སློབ་དུས་གཉིས་ལ་ང་ཚོས་སློབ་མ་ཚོར་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཚང་མ་བསླབས་ནས་དུས་ཚོད་དེ་བས་མང་བ་དངོས་སྦྱོང་ལ་སྤྱོད་དགོས་པའི་བླང་བྱ་བཏོན་ཡོད”ཅེས་ཨ་ལན་གྱིས་བཤད།
(ཚེ་ཁོས་བསྒྱུར། བདེ་དབང་དང་ཚེ་ཁོས་ཞུས)