འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཞའོ་ཏན། ཡུས་དབྱི་ཁྲུན། ལི་ཤིན་དབྱི། ཝང་ཡུན་ནཱ།
ཟླ་11ཚེས་30ཉིན་ནས་ཟླ་12ཚེས་2ཉིན་བར། 2025ལོའི“ཀྲུང་གོ་ཤེས་ཚོར་བྱེད”ཅེས་པའི་རྒྱལ་སྤྱིའི་ཚོགས་འདུ་ཀོང་ཀྲོའུ་རུ་འཚོགས་ཤིང་། “བཀོད་སྒྲིག་གསར་པ་དང་། འཕེལ་རྒྱས་གསར་པ། གདམ་ག་གསར་པ—ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རྣམ་པ་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་བསམ་བློའི་ཚོགས་འདུ་གཟབ་རྒྱས་དེར་རྒྱལ་ཁབ་དང་ས་ཁུལ་72ནས་ཡོང་བའི་ལས་རིགས་ཁག་གི་འཐུས་མི་800ལྷག་ཙམ་མཉམ་དུ་འཛོམས་ཡོད། དེང་གི་འཛམ་གླིང་ཟང་ཟིང་ཆེ་བ་དང་ངེས་གཏན་མེད་པའི་རང་བཞིན་གྱི་དུས་རབས་ཀྱི་རྒྱབ་ལྗོངས་འོག ད་ཐེངས་ཀྱི་ཚོགས་འདུ་ནི་སྐར་ཁུང་ཞིག་དང་འདྲ་བར་འཛམ་གླིང་ལ་ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཐབས་ལམ་བསྟན་པ་མ་ཟད། ཀྲུང་གོ་དང་འཛམ་གླིང་མཉམ་འགུལ་མཉམ་སྐྱོད་ཀྱི་བརྗིད་ཆེའི་རྣམ་པ་དེ་བས་མངོན་ཡོད།
བཀོད་སྒྲིག་གསར་པ། ཀྲུང་གོའི་འཆར་འགོད་ཀྱིས་འཛམ་གླིང་ལ་གོ་སྐབས་མཁོ་འདོན་བྱས་པ།
ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་འཆར་གཞི་བཀོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ལ། ཚོགས་ཞུགས་སྐུ་མགྲོན་གྱིས་གྲོས་བསྡུར་འཁྲུག་པོ་བྱས་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོས་ཀྲུང་གོའི་རྒྱལ་ནང་གི་དཔལ་འབྱོར་གྲུབ་ཆ་ལེགས་གཏོང་དང་ཚན་རྩལ་རང་ཚུགས་རང་དར་ལ་གཙོ་བོར་དམིགས་པ་མ་ཟད། དེ་བས་བྱེད་ཐབས་གསར་པ་རབ་དང་རིམ་པ་བརྒྱུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སྒུལ་ནུས་གསར་པ་བསྣན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་པའི་ངོས་འཛིན་བྱས་པ་རེད།
ཨེ་ཅིབ་ཀྱི་ཙུང་ལི་ཟུར་པ་དབྱི་ས་མུའུ·ཧྲ་ལ་ཧྥུའུ་ཡིས་ད་ཐེངས་ནི་ང་ཀྲུང་གོར་འཚམས་འདྲིར་ཡོང་ཐེངས་ལྔ་བཅུ་པ་ཡིན། ཀྲུང་གོར་སླེབས་རིམ་བཞིན་འགྱུར་ལྡོག་གསར་པ་མཐོང་གི་འདུག་ཅེས་བརྗོད། ཁོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀྲུང་གོའི་རྒྱལ་ནང་འཕེལ་རྒྱས་ཀྱི་ཁྱབ་ཁོངས་མང་པོར་ཚད་བརྒལ་བྱུང་བ་མ་ཟད། ད་དུང་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་མང་པོ་མཁོ་འདོན་བྱས་ཡོད། འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོའི་འཕེལ་རྒྱས་ཐབས་ལམ་དེ་བས་ཁ་གསལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དེ་བས་མངོན་གསལ་དོད་པ། ཚན་རྩལ་དེ་བས་རང་ཚུགས་རང་དར་འགྲོ་བ་སོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དེའི་ཉམས་མྱོང་གིས་རྒྱལ་ཁབ་གཞན་དག་ལ་ཕན་ཡོད་དཔྱད་གཞི་མཁོ་འདོན་བྱས་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྱང་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པའི་ངོས་འཛིན་བྱས་པ་རེད།
འཕེལ་རྒྱས་གསར་པ། ཀྲུང་གོའི་ལག་ལེན་ལས་གཉིས་ཕན་གྱི་ཁེ་སྤོགས་མཉམ་སྤྱོད་བྱས་པ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་བབ་དང་འཚམ་པ་དང་དུས་རབས་ཀྱི་འཕེལ་རྒྱས་དང་མཐུན་པའི་འགྲོ་ལམ་དུ་སྐྱོད་པ་ཞིག་ཡིན། དེས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྣམ་པ་བསྐྱར་དུ་བཏོད་ཡོད་ལ། ད་དུང་གསོན་ཉམས་ལྡན་པའི་ལག་ལེན་དངོས་བརྒྱུད། གོ་ལ་ཧྲིལ་པོ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་ཐབས་ལམ་མཁོ་འདོན་བྱས་ཡོད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ་ནས་བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་བྱེད་པའི་བར་དང་། གཞི་ཁྱོན་ཆེ་བའི་དབུལ་པོ་ཉུང་གཏོང་གི་ལག་ལེན་ནས་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་བར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པའི་ཐོག་ནས་འཛམ་གླིང་གི་མདུན་དུ་མངོན་བཞིན་ཡོད་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་ཡོད།
ལེ་པ་ནོན་གྱི་ཙུང་ལི་ཟུར་པ་ཧ་སང·ཏི་ཡ་ཕུའུ་ཡིས། ཀྲུང་གོའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་པའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ་དེར་ཁྱབ་ཁོངས་མང་པོ་དང་ཕྱོགས་མང་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་དེའི་ཁྲོད་མཐོ་རིམ་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་མི་རྣམས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱིས་ཤེས་ལྡན་པ་གསོ་སྐྱོང་དང་སློབ་གསོ་མཉམ་ལས་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའི་གྲས་སུ་བརྩིས་ནས། དགེ་སློབ་དབར་སྤེལ་རེས་དང་མཉམ་འབྲེལ་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འབྲེལ་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ཏེ། ས་ཁོངས་སྤྱི་ཡོངས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་ཁྲིད་བྱས་ནས་ཐོན་ལས་གསར་གཏོད་བྱེད་པར་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
གདམ་ག་གསར་པ། ཀྲུང་གོའི་ཇུས་གཞིའི་ནང་བཅོས་སྐྱོང་གི་འགན་འཁྲི་འཁུར་སེམས་མངོན་པ།
དེང་གི་འཛམ་གླིང་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་ཀྱི་འཁོར་ཕྱོགས་སུ་གྱུར་ཡོད། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་སོགས་འདུ་ཤེས་དང་གྲོས་འགོ་རབ་དང་རིམ་པ་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་ལས་གཉིས་ཁེའི་གདམ་ག་གསར་པ་མཁོ་འདོན་བྱས་ཡོད། ཀྲུང་གོའི་འདུ་ཤེས་དང་ཇུས་གཞི་དེ་དག་གིས་གོ་ལ་ཧྲིལ་པོའི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཟུར་པ་ཞུས་སེར་གྱིས། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཀྲུང་གོར་སྔོན་དཔག་ལས་བརྒལ་བའི་འཕེལ་རྒྱས་བྱུང་ཡོད་ཅེས་བརྗོད། ཁོང་གིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ས་ཁོངས་མཉམ་ལས་བྱེད་སྟངས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། མཉམ་ལས་བྱེད་སྟངས་དེས་འབྱུང་འགྱུར་གྱི་ས་ཁོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་མཚོན་པ་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་ཚུད་པའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་གཞན་དག་ལ་དཔྱད་གཞིར་འཛིན་ཆོག་པའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཁོ་འདོན་བྱས་ནས། ས་ཁོངས་མཉམ་ལས་ཁྲོད་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་མངོན་ཡོད་པའི་ངོས་འཛིན་བྱས་པ་རེད། (ལྷག་པ་ཚེ་རིང་གིས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)