འདི་ག་ཚགས་པར་ཁང་དུ་ནན་ཉིང་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་སོགས་སྡེ་ཚན་དྲུག་གིས《འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་དང་བྱ་ཐབས་འགའ》བཀྲམ་སྟེ། སྲིད་ཇུས་དང་བྱ་ཐབས་བཟང་པོ་ཁག་རབ་དང་རིམ་པ་བཏོན་པ་དང་གོ་ཆོད་དུས་ཡུན་དེ་2027ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།
བྱ་ཐབས་ནང་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཐོན་རྫས་མ་ལག་མགྱོགས་མྱུར་གཏོད་པ། ལྷུ་ལག་ཆེ་ཆུང་གི་ལེ་ལག་ཚང་བའི་ཞབས་ཞུའི་མ་ལག་འཛུགས་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པ། གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་དང་དགོས་མཁོ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྒོ་དབྱེ་མཉམ་ལས་ལ་སྐུལ་ལྕག་གཏོང་བ་བཅས་བྱ་ཐབས་གཙོ་བོ་ཁག་7བཏོན་ནས། ནན་ཉིང་གྲོང་ཁྱེར་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཀྱི་ཉེར་སྤྱོད་མཉམ་ལས་ལྟེ་གནས་ལ་བརྟེན་ཏེ་འཕྲུལ་མིའི་ཐོན་རྫས་དང་། ལག་རྩལ། ཚད་གཞི་བཅས་ཀྱི་ཕྱིར་གཏོང་རྟེན་གཞི་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
བྱ་ཐབས་དེས་ད་དུང་རྣམ་གྲངས་ཀྱི་ཚོང་འགུགས་མ་འདྲེན་དང་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་དང་། འཕྲུལ་མིའི་ཁེ་ལས་འདུན་ཞུ་བྱ་རྒྱུ་དེ་བཟོ་ལས་དང་ཆ་འཕྲིན་ཅན་པུའི་བཟོ་ལས་འཕྲུལ་མིའི་ལས་རིགས་ཀྱི་ཚད་ལྡན་སྤྱི་བསྒྲགས་ནང་འཇུག་པར་སྐུལ་ལྕག་གཏོང་བ། འཕྲུལ་འཁོར་ཧྲིལ་པོའི་ཁེ་ལས་ཀྱི་ཐོན་འབབ་མང་དུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ལེགས་ཀྱི་ལྷུ་ལག་ཆེ་ཆུང་ཐོན་སྐྱེད་ཁེ་ལས་སྐྱེད་སྲིང་བྱེད་པ། འཕྲུལ་མིའི་དཔེ་དབྱིབས་ཆེ་གྲས་ཞིབ་འཇུག་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པ། ཉེར་སྤྱོད་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཐད་རྒྱབ་སྐྱོར་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད། སྤྱི་བསྒྲགས་ནང་བཅུག་པའི་འཕྲུལ་མིའི་འགག་རྩའི་ལྷུ་ལག་ཆེ་ཆུང་བཟོ་སྐྲུན་གྱི་ཁེ་ལས་དང་། འཕྲུལ་མིའི་རང་གཟུགས་བཟོ་སྐྲུན་ཁེ་ལས། འཕྲུལ་མིའི་འདུས་གྲུབ་ཉེར་སྤྱོད་ཁེ་ལས་བཅས་ལ་སྒོར་ཁྲི་100དང་། སྒོར་ཁྲི་150 སྒོར་ཁྲི་200བཅས་ལས་མི་བརྒལ་བའི་བྱ་དགའ་སྡེབ་གཅིག་ལ་སྤྲོད་རྒྱུ་ཡིན་པ་རེད།
(བསྟན་བློས་བསྒྱུར། བསྟན་བློ་དང་བསོད་ཆོས་ཀྱིས་སྒྱུར་ཞུས་བྱས)