《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

《བཟའ་བཏུང་ཞབས་ཞུའི་མུ་འབྲེལ་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་འདོམས་བྱེད་པའི་གཏན་འབེབས》ལག་ལེན་བསྟར་རྒྱུ་ཡིན་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིན་ལི་ལི།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་བཟའ་བཏུང་ལས་རིགས་ཀྱི་སྤུས་རྟགས་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་མོད། འོན་ཀྱང་མུ་འབྲེལ་སྤུས་རྟགས་ཁེ་ལས་ཁག་གཅིག་ལ“ཚོང་གཉེར་བྱེད་པ་ལས་དོ་དམ་མི་བྱེད་པ”དང་། “རིན་པ་ལེན་པ་ལས་འགན་མི་འཁུར་བའི”གནད་དོན་ཡོད་པ་རེད། 《བཟའ་བཏུང་ཞབས་ཞུའི་མུ་འབྲེལ་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་འདོམས་བྱེད་པའི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་པར་བསྡུ་རྒྱུ)ཟླ་12ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་བ་དང་། དེའི་དམིགས་ཡུལ་ནི་མུ་འབྲེལ་བཟའ་བཏུང་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་ཁག་གཅིག་གིས་ཟ་ཁང་གི་བཟའ་བཅའི་བདེ་འཇགས་དོ་དམ་ཐད“ལྷུག་ལྷོད་འཇམ་གསུམ”སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་རེད། 《གཏན་འབེབས》ནང་། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་གནས་སྟངས་ལ་ཞིབ་བཤེར་དང་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཁྱབ་པུའུ་ཡིས་བཟའ་བཅའི་བདེ་འཇགས་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་སྟོན་བྱེད་པ་སོགས་ཀྱི་ལམ་ལུགས་མ་ལག་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཟའ་བཏུང་དང་བཟའ་བཅའི་བདེ་འཇགས་ལྟ་འདོམས་སིའི་འབྲེལ་ཡོད་འགན་འཁུར་བས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པའི་ངོས་འཛིན་བྱས་ཡོད། 《གཏན་འབེབས》ནང་། ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་ཡིས《བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་དོ་དམ་དང་ཚོད་འཛིན་གྱི་གསལ་ཐོ》བཟོས་ནས“སྤྱི་ཁྱབ་པུའུ་ཡིས་བཀོད་གཏོང་དང་། ཡན་ལག་སྒྲིག་གཞིས་ཞིབ་བཤེར། ཟ་ཁང་གིས་དོ་དམ་དང་ཚོད་འཛིན་བྱེད་པ་བཅས་ཀྱི་རིམ་གསུམ་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཛུགས་དགོས་པ་དང་། ཟ་ཁང་གིས་ཉིན་ལྟར་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ《ཉིན་རེའི་བཟའ་བཅའི་བདེ་འཇགས་ཀྱི་ཞིབ་བཤེར་ཐོ་འགོད》བཟོས་རྗེས་ཡན་ལག་སྒྲིག་གཞིར་སྐྱེལ་དགོས། ཡན་ལག་སྒྲིག་གཞིས་གཟའ་འཁོར་རེར《གཟའ་འཁོར་རེའི་བཟའ་བཅའི་བདེ་འཇགས་གྲལ་བཤེར་བཅོས་སྐྱོང་གི་སྙན་ཞུ》བྲིས་ནས་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་ལ་སྐྱེལ་དགོས། ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་ཡིས་ཟླ་རེར་ཤེས་རྟོགས་བྱུང་བའི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་ནས་ཐག་གཅོད་ཀྱི་བྱ་ཐབས་བཟོས་ཏེ་ཟླ་བ་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

མིག་སྔར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཁག་ལ་སྲིད་འཛིན་ས་ཁོངས་ཀྱི་བཟའ་བཏུང་ཞབས་ཞུའི་མུ་འབྲེལ་ཁེ་ལས་ལ་མཐིལ་རྟོགས་གྲལ་བཤེར་བྱ་རྒྱུར་མཛུབ་ཁྲིད་དང་། མུ་འབྲེལ་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་དང་། ཁོངས་གཏོགས་ཡན་ལག་སྒྲིག་གཞི། ཀྲུང་དབྱང་ཐབ་ཚང་། ཟ་ཁང་སོགས་ཀྱི་བྱེད་པོ་གཙོ་བོའི་གནས་ཚུལ་ལ་གོ་རིམ་བཞིན་དག་ཐེར་དང་། ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་ཡི་འབྲེལ་གཏུག་པ་དང་དེ་མཚུངས་ཀྱི་ལྟ་འདོམས་རིམ་པ་གཏན་འཁེལ། 《གཏན་འབེབས》ལག་བསྟར་དོན་འཁྱོལ་ཡོང་བའི་འགན་ལེན་བཅས་བྱས་ཡོད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)