འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི《2024ལོའི་རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》ལས་མངོན་པར། རང་རྒྱལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་79ཟིན་པ་དང་། སྦྲུམ་མ་དང་ཕྲུ་གུ་བཙས་མ་ཐག་པའི་སྐྱེད་མ་ཤི་ཚད་མི་ཁྲི་བཅུ་ཆ་14.3བར་ཆག་པ། ཕྲུ་གུ་དམར་འབྱར་ཤི་ཚད་4.0‰བར་ཆག་ཡོད་པ་རེད། རང་རྒྱལ་གྱིས་གསར་གཏོད་རང་བཞིན་དང་། ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་ཞབས་ཞུའི་བྱ་ཐབས་ཁག་གཅིག་བཏོན་པས། འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་ནས། མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད་པ་རེད།
འཕྲོད་བསྟེན་ཐོན་ཁུངས་ཀྱི་བསྡོམས་འབོར་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། 2024ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བསྡོམས་འབོར་1093551ཟིན་པ་དེ་ལོ་གོང་མ་ལས་22766མང་དུ་ཕྱིན་པ་དང་། དེའི་ནང་སྨན་ཁང་38710ཟིན་པ་དེ་ལོ་གོང་མ་ལས་355མང་དུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་ལས་གཉེར(ལས་རོགས)སྨན་པ་ཁྲི་508.2ཟིན་པ་དང་། ཐོ་འགོད་བྱས་པའི་སྨན་གཡོག་ཁྲི་585.5ཟིན་ཡོད། 2024ལོར། མི་སྟོང་རེའི་ཁྲོད་ལས་གཉེར(ལས་རོགས)སྨན་པ་3.61དང་། མི་སྟོང་རེའི་ཁྲོད་ཐོ་འགོད་བྱས་པའི་སྨན་གཡོག་4.16 མི་ཁྲི་རེའི་ཁྲོད་ཀུན་བཅོས་སྨན་པ་4.54བཅས་ཡོད་པ་རེད།
སྨན་བཅོས་ཞབས་འདེགས་ཞུ་ནུས་དང་ནུས་ཕྱོད་དུས་གཅིག་ཏུ་ཆེ་རུ་ཕྱིན་ཞིང་། 2024 ལོར། རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཁྱོན་མི་ཐེངས་དུང་ཕྱུར་101.5ལ་སྨན་བཅོས་བྱས་པ་དེ་ལོ་གོང་མ་ལས་མི་ཐེངས་དུང་ཕྱུར་6.0མང་དུ་ཕྱིན་ཡོད་པ་དང་། སྨན་ཁང་དུ་སྡོད་མཁན་ནད་པ་མི་ཐེངས་ཁྲི་31192.0ཟིན་པ་དེ་ལོ་གོང་མ་ལས་མི་ཐེངས་ཁྲི་1004.7མང་དུ་ཕྱིན་ཡོད། རྒྱལ་ཡོངས་སྨན་ཁང་གི་ནད་ཁྲི་སྤྱོད་ཚད་78.8%ཟིན་པ་དེའི་ནང་གཞུང་བཙུགས་སྨན་ཁང་གི་ནད་ཁྲི་སྤྱོད་ཚད་84.8%ཟིན་ཡོད་པ་རེད།
(ཕུར་སྒྲོན་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)