《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月05日

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར།

དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་ཁྲི་478.2སྔ་སྣུར་དུ་བར་འདུམ་བྱས་པ།

དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་ཁྲི་478.2སྔ་སྣུར་དུ་བར་འདུམ་བྱས་པའི་ནང་། གྱོད་གཞི་ཁྲི་312.8བར་འདུམ་ལེགས་གྲུབ་བྱུང་ཡོད།

དུས་ཚིགས་དང་པོ་ནས་གསུམ་པའི་བར། མི་དམངས་ཁྲིམས་ཁང་གིས་ཉེས་དོན་གྱི་འདྲི་ཞིབ་དང་པོའི་གྱོད་གཞི་ཁྲི་80.4བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་11.61%ཆག་ཡོད།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་གྱི་གྱོད་གཞི་སྣ་ཚོགས་ཁྲི་3225.7བདག་སྤྲོད་བྱས་པ་དང་། ཟླ་དགུ་པའི་ཟླ་མཇུག་བར། རྒྱལ་ཡོངས་ཁྲིམས་ཁང་གི་ལོ་གཉིས་ཡན་གྱོད་ཐག་བཅད་མེད་པའི་ཞུ་གཏུག་གྱོད་གཞིའི་གྲངས་འབོར་དུས་མཚུངས་ལས་28.08%ཆག་ནས། དུས་ཡུན་རིང་པོར་གྱོད་ཐག་བཅད་མེད་པའི་ཞུ་གཏུག་གྱོད་གཞི་ཐག་གཅོད་གཙང་མ་བྱེད་པའི་ལས་དོན་གྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། ཁྲིམས་འཛིན་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་ཆེ་རུ་གང་ལེགས་ཕྱིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མི་དམངས་ཁྲིམས་ཁང་གི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཡག་པོ་བྱེད་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། གོང་གཏུག་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.96ཆག་པ་དང་དག་སེལ་དང་། རེ་ཞུ། འདྲི་གཅོད་བསྐྱར་མ་བཅས་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.29ཆག་ཡོད་པ་རེད།

དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་ཁྲི་478.2སྔ་སྣུར་དུ་བར་འདུམ་བྱས་པའི་ནང་། གྱོད་གཞི་ཁྲི་312.8བར་འདུམ་ལེགས་གྲུབ་བྱུང་སྟེ་སྔ་སྣུར་དུ་བར་འདུམ་བྱས་པའི་གྱོད་གཞིའི་གྲངས་འབོར་མངོན་གསལ་དོད་པོས་འཕར་བ་དང་། སྔ་སྣུར་དུ་བར་འདུམ་ལེགས་གྲུབ་བྱུང་བའི་གྱོད་གཞི་དོ་བདག་སོ་སོས་རང་འགུལ་ངང་ལག་ལེན་བསྟར་ཚད་90%ལྷག་ཙམ་ཟིན་པ། སྔ་སྣུར་དུ་བར་འདུམ་ཐུབ་པའི་གསོན་ཤུགས་དང་ནུས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དྲ་ཐོག་བརྒྱུད་ཞུ་གཏུག་ཡི་གེ་འབྲི་བ་སོགས་རིག་ནུས་ཀྱི་རམ་འདེགས་ནུས་པ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བས། མི་དམངས་མང་ཚོགས་ཀྱིས་ཞུ་གཏུག་རྒྱག་པར་དེ་བས་སྟབས་བདེ་བསྐྲུན་ཡོད།

གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར། མི་དམངས་ཁྲིམས་ཁང་གིས་ཉེས་དོན་གྱི་འདྲི་ཞིབ་དང་པོའི་གྱོད་གཞི་ཁྲི་80.4བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་11.61%ཆག་པ་དང་ཁྲིམས་ཆད་གོ་ཆོད་ཀྱི་ཞུ་སྦྱོར་ཕྱི་མ་ཁྲི་104.8ཟིན་པ་དེ་དུས་མཚུངས་ལས་10.22%ཆག་ཡོད་པ་རེད།

དུས་ཚིགས་དང་པོ་ནས་གསུམ་པའི་བར། དོ་བདག་གི་གྱོད་ཁ་ཐོབ་པའི་ཁེ་དབང་མངོན་འགྱུར་བྱེད་ཚད་མཚོན་པའི་ལག་བསྟར་ལེགས་སྒྲུབ་ཐུབ་ཚད་དང་ལག་བསྟར་གནད་ལ་འཁེལ་ཚད་ཁག་སོ་སོར་39.54%དང་51.35% ཟིན་ཡོད།