《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月05日

མཚོ་སྔོན་གྱི་ས་ཆ་གཅིག་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་ཁག་དང་པོའི་ནང་བདམས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་འཛུགས་སྐྲུན་གྱི་ས་ཁུལ་ཁག་དང་པོའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། “མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མཚོ་སྔོན་པོ——གངས་དཀར་རི་བོའི་ས་མཐོའི་ཕྱི་རོལ་ལུས་རྩལ་དམིགས་ས”དེ་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་ཁག་དང་པོའི་ནང་ཚུད་པའི་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་འབའ་ཞིག་ཡིན་པའི་ཆ་ནས། རྒྱལ་ཡོངས་ཀྱི་གཙོ་གནད་རྒྱབ་སྐྱོར་ཐོབ་པའི་སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་དམིགས་ས་49ཡི་གྲས་སུ་གྱུར་ཡོད་པ་རེད།

འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་གནས་པའི་གངས་དཀར་རི་བོའི་མཐོ་ཚད་སྨི་5254.5ཟིན་ནས་མདོ་ལ་རིང་མོའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་ཡིན་ཞིང་། དེ་གར་འཁྱགས་རོམ་ཆེན་པོ་ཡོད་པས་ཡུལ་ལྗོངས་ཧ་ཅང་མཛེས་ལ། རི་འཛེག་དང་། གངས་ཤུད། རྐང་ཐང་མར་སྐྱོད་པ། མྱུལ་དཔྱད་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ནང་གི་སྤུས་ཚད་མཐོ་བའི་ལག་རྩལ་རང་བཞིན་གྱི་རི་བོ་དང་ཕྱི་རོལ་ལུས་རྩལ་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད། ཐེངས་འདིར་མཚོ་སྔོན་པོ་དང་མཉམ་འགུལ་བྱས་ནས“མཚོ་སྔོན་པོ——གངས་དཀར་རི་བོའི་ས་མཐོའི་ཕྱི་རོལ་ལུས་རྩལ་དམིགས་སའི”སྤྱིའི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་མིང་ཐོ་ཁག་དང་པོའི་ནང་ཚུད་པ་ལས། དེའི་ཐོན་ཁུངས་རིན་ཐང་དང་འཕེལ་རྒྱས་གཏོང་སྟངས་ལ་རྒྱལ་ཁབ་རིམ་པའི་ཁས་ལེན་གང་ལེགས་ཐོབ་པ་མཚོན་པ་མ་ཟད། འཇུ་ལག་རྫོང་གི་ལུས་རྩལ་དང་། ཡུལ་སྐོར། རིག་གནས་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཐེབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་གོ་སྐབས་གལ་ཆེན་ཞིག་དེ་བས་ཀྱང་ཡིན་པ་རེད།

འདི་ལོའི་ཟླ་དགུ་པའི་བར་དུ་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་110ལྷག་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་8191ལྷག་ཟིན་པ་དང་། དེའི་ཁྲོད་གངས་དཀར་རི་རྩེར་འཛེག་མཁན་མི་ཐེངས་ཁྲི་3.68ཟིན་པའི་ཁྲོད་རི་རྩེར་སླེབས་མཁན་61%ཟིན་ཞིང་། “མི་ཚེའི་གངས་རི་དང་པོ”ཞེས་པའི་སྤུས་རྟགས་ངེས་གནས་དེ་མི་སེམས་སུ་གཏིང་ཟབ་ཟུག་ནས་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཡུལ་སྐོར་དང་ཕྱི་རོལ་ལུས་རྩལ་གྱི་གདམ་ག་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)