འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྟན་ཐོག་ཡར་འཕེལ་ཡོང་བའི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས། སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པར་སྐུལ་འདེད་བཏང་བས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་ནས་བརྟན་པོ་བྱུང་ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2866.40ཟིན་པ་དེ་འགྱུར་མེད་རིན་གོང་ཐོག་ནས་རྩིས་བརྒྱབ་ཚེ་དུས་མཚུངས་ལས་3.7%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ཚེ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་216.09ཟིན་ནས་6.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་1169.90ཟིན་ནས་4.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་1480.40ཟིན་ནས་3.0%འཕར་ཡོད་པ་རེད།
ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དུས་བབ་བརྟན་པ་དང་འབྲོག་ལས་ཀྱི་ཐོན་སྐྱེད་བརྟན་ཐོག་ལེགས་འཕེལ་བྱུང་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་དེ་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་དུང་ཕྱུར་333.63ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.0%འཕར་ཡོད། བཟོ་ལས་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་སླར་གསོ་ཐུབ་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.7%འཕར་ཡོད། རིགས་ཆེན་པོ་གསུམ་ནས་བལྟས་ཚེ་གཏེར་ལས་ཐོན་ལས་ཀྱི་འཕར་ཐང་3.0%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་8.1%འཕར་བ། གློག་ཤུགས་ཚ་ཤུགས་སོལ་རླངས་དང་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་འཕར་ཐང་1.3%འཕར་ཡོད་པ་རེད།
གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གྲུབ་ཆ་ལེགས་སུ་ཕྱིན་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་ཅུང་མགྱོགས་པོ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་9.6%ཆག་པ་དང་། རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱེད་ཚད་22.1%འཕར་ཡོད། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་སྦྲག་སྲིད་ལས་རིགས་དང་། ཆ་འཕྲིན་བརྒྱུད་གཏོང་ཞབས་ཞུའི་ལས་རིགས་ཁག་སོ་སོ་34.4%དང་ལྡབ་1.1འཕར་བ་དང་། ཆུ་བེད་ཁོར་ཡུག་དང་སྤྱི་པའི་སྒྲིག་བཀོད་དོ་དམ་ལས་རིགས་3.0%ཆག་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་བྱེད་ཚད་1.3%འཕར་བ་དང་། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་འཇོག་བྱེད་ཚད་21.4%འཕར་བ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བཟོ་སྐྲུན་ལས་རིགས་དང་། གློག་ལས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་28.3%དང་21.9%སོ་སོར་འཕར་ཡོད་པ་རེད།
འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་ནས་རིམ་སྤོར་རིགས་ཀྱི་འཛད་སྤྱོད་འཕར་ཚུལ་ཅུང་ལེགས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་དེ་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་770.23ཟིན་པ་དེ་དུས་མཚུངས་ལས་3.9%འཕར་ནས་ལོ་སྟོད་ལས་བརྒྱ་ཆའི་གྲངས་1.3མགྱོགས་སུ་ཕྱིན་ཡོད། གཉེར་སྐྱོང་ཚན་པ་གནས་ས་ནས་དབྱེ་ཚེ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་615.96ཟིན་པ་དེ་3.8%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་154.27ཟིན་པ་དེ་4.2%འཕར་ཡོད། འཛད་སྤྱོད་ཀྱི་རིགས་ནས་དབྱེ་ཚེ། ཚོང་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་699.12ཟིན་ནས་4.0%འཕར་ཡོད། བཟའ་བཏུང་གི་ཡོང་འབབ་སྒོར་དུང་ཕྱུར་71.11ཟིན་ནས་2.9%འཕར་ཡོད་པ་རེད།
གྲོང་མིའི་འཛད་སྤྱོད་རིན་གོང་ཅུང་ཆག་སྟེ་བཟོ་གྲྭ་ནས་ཐོན་པ་དང་ཉོ་སྒྲུབ་རིན་གོང་ཆག་ཚད་ཆུང་དུ་ཕྱིན་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང(CPI)ལོ་གོང་མའི་དུས་མཚུངས་ལས་0.2%ཆག་ཡོད། རིགས་དབྱེ་ནས་བལྟས་ཚེ། ཟླ་བ་དགུ་པར་CPIཡིས་བརྟག་དཔྱད་བྱས་པའི་ཚོང་ཟོག་ཆེ་གྲས་ཁག་བརྒྱད་དང་དེ་བཞིན་ཞབས་ཞུའི་རིན་གོང་དུས་མཚུངས་ལས“འཕར་དྲུག་གཉིས་ཆག”བྱུང་ཡོད། དེའི་ནང་མཁོ་ཆས་གཞན་དག་དང་དེ་བཞིན་ཞབས་ཞུའི་རིགས་ཀྱི་རིན་གོང་11.0%འཕར་བ་དང་། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས་ཀྱི་རིན་གོང་1.9%འཕར་བ། སྨན་བཅོས་བདེ་སྲུང་རིགས་ཀྱི་རིན་གོང་0.4%འཕར་བ། གྱོན་ཆས་རིགས་དང་སློབ་གསོ་རིག་གནས་རོལ་རྩེད་རིགས་ཀྱི་རིན་གོང་ཚང་མ་0.3%འཕར་བ། སྡོད་གནས་རིགས་ཀྱི་རིན་གོང་0.2%འཕར་བ། བཟའ་བཅའ་དང་ཐ་མག་ཨ་རག་རིགས་ཀྱི་རིན་གོང་3.4%ཆག་པ། འགྲིམ་འགྲུལ་འཕྲིན་གཏོང་རིགས་ཀྱི་རིན་གོང་1.9%ཆག་ཡོད་པ་རེད།
ལས་ཞུགས་དུས་བབ་སྤྱི་ཡོངས་བརྟན་པོ་བྱུང་ནས་གྲོང་མིའི་ཡོང་འབབ་རྒྱུན་མཐུད་འཕར་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་སྙོམས་ཐང་5.4%ཟིན་པ་དེ་ལོ་སྟོད་དང་གཅིག་མཚུངས་ཡིན་པ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད་པ་རེད།