《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月05日

མཚོ་སྔོན་སྤྱི་བདེས“ཟུར་ཚད་བཞིའི”སེམས་ཁམས་བདེ་ཐང་གི་མ་ལག་བཏོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོ་ཚུན་ཞིང་ཆེན་སྤྱི་བདེ་ཐིང་གིས་དུས་འཁོར་ཧྲིལ་པོའི་བདེ་ཐང་དོ་དམ་གྱི་འདུ་ཤེས་ཁྲིད་སྟོན་དུ་བྱས་ཏེ་ཉེན་རྟོག་དཔུང་ཁག་གི་སེམས་ཁམས་བདེ་ཐང་གི་དགོས་མཁོར་དམིགས་ནས། “དཔྱད་བསྡུར་བྱས་ནས་ཡིག་ཚགས་བཟོ་བ་དང་། རྐང་འཛིན་པ་སྐྱེད་སྲིང་། སློབ་ཁྲིད་གནད་སྨིན། ལས་ཡུལ་འཛུགས་པ”བཅས་ཟུར་ཚད་བཞིའི་ཐོག་ནས་ཤུགས་བརྒྱབ་སྟེ། མ་ལག་ཅན་དང་། ཆེད་ལས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་སེམས་ཁམས་བདེ་ཐང་གི་ཞབས་ཞུའི་ལས་དོན་མ་ལག་རགས་ཙམ་བསྐྲུན་ནས་ཉམས་སད་ཐེག་ཐུབ་པའི་སྤྱི་བདེའི་དཔུང་ཁག་གཏོད་པར་སེམས་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

ཞིང་ཆེན་སྤྱི་བདེ་ཐིང་གིས་སེམས་ཁམས་དཔྱད་བསྡུར་བྱ་རྒྱུ་དེ་གནད་སྨིན་ཞབས་འདེགས་ཞུ་བའི་རྨང་གཞིར་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་གཅིག་སྡུད་ཐོག་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་ནས་སེམས་ཁམས་བདེ་ཐང་གི་ཆེད་དོན་དཔྱད་བསྡུར་དང་མི་སྒེར་གྱི་སེམས་ཁམས་ཡིག་ཚགས་ཁྲི་2.14ལྷག་ཙམ་བཟོས་ཤིང་། “མི་རེར་ཡིག་ཚགས་རེ་དང་སྟབས་བསྟུན་གསར་སྒྱུར”བྱ་ཐབས་ལག་ལེན་བསྟར་ཏེ་རྗེས་མཐུད་ཀྱི་གནད་སྨིན་ཞབས་འདེགས་ཞུ་བར་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རིམ་པ་ཕྱེ་ནས་སེམས་ཁམས་བདེ་ཐང་ལས་དོན་གྱི་རྐང་འཛིན་པའི་སྟོབས་ཤུགས་ཆགས་པར་བྱས་ཏེ་སེམས་ཁམས་ཚོད་སྐོར་དང་ཉེན་ཁར་ཐེ་ཇུས་སོགས་ལྟེ་བའི་རྩལ་ནུས་ལ་དམིཌ་ཏེ། ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་དགུ་གཉེར་ནས་སེམས་ཁམས་རིག་པའི་རིགས་གཅིག་མཁས་ཅན་དང་། སྨན་པ་བཀའ་བཅུ་པ། དེ་བཞིན་དངོས་འཐབ་སློབ་ཁྲིད་དམག་དཔོན་བཅས་གདན་དྲངས་ནས་སློབ་ཁྲིད་བྱས་ཏེ“གསོ་སྦྱོང་དང་། ལག་ལེན། ལྟ་སྐུལ་མཛུབ་ཁྲིད”བཅས་ཟུང་དུ་འབྲེལ་བའི་གདུབ་ཟུམ་གསོ་སྦྱོང་བྱེད་སྟངས་བཙུགས་ཡོད། མཚོ་སྔོན་སྤྱི་བདེས“ཞིང་ཆེན་སྤྱི་བདེ་ཐིང་གིས་སྤྱི་འདོམས་དང་། གྲོང་ཁྱེར་རིམ་པས་སྒྲིག་འཛུགས། རྫོང་རིམ་པས་དོན་འཁྱོལ། གཞི་རིམ་གྱིས་བརྡ་ལན་ཞུ་བ”བཅས་རིམ་པ་བཞིའི་མཉམ་འགུལ་སློབ་ཁྲིད་ལམ་སྲོལ་བཟོས་པར་ཞབས་འདེགས་ཞུ་སྟངས་དེ་འཆད་ཁྲིད་དང་། ཚོགས་པས་ཟུར་ཁྲིད། ཡུལ་རྣམ་ནང་སྦྱོང་། དེ་བཞིན་མི་སྒེར་གྱི་བློ་འདྲི་བཅས་ཚུད་ཅིང་། གཙོ་བོ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་དང་འཐབ་ས་དང་པོའི་དངོས་འཐབ་ཚན་པར་ཁྱབ་ཡོད། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་སེམས་ཁམས་བདེ་ཐང་ཞབས་ཞུའི་བྱེད་སྒོ་ཐེངས་105སྤེལ་ནས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་མི་ཐེངས་ཁྲི་1.08ལྷག་ལ་ཞབས་འདེགས་ཞུས་ཡོད།

(ཚེ་དབང་ལྷ་མོས་བསྒྱུར། རིག་རྡོར་དང་ཚེ་ལྷས་ཞུས)