《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月05日

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་དངོས་གཞི་མིན་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་མ་ལེ་ཞི་ཡར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་དངོས་གཞི་མིན་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་མ་ལེ་ཞི་ཡའི་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་བྱས་ཤིང་། ཚོགས་འདུ་དེ་ཀྲུང་གོའི་རྒྱལ་སྲུང་པུའུ་ཀྲང་ཏུང་ཅུན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མ་ལེ་ཞི་ཡའི་རྒྱལ་སྲུང་པུའུ་ཀྲང་ཧ་ལི་ཏེ་ཡིས་མཉམ་དུ་གཙོ་སྐྱོང་གནང་བ་རེད།

ཏུང་ཅུན་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགོག་སྲུང་ལས་དོན་གྱི་མཉམ་ལས་རིམ་གྱིས་རྒྱ་ཆེར་ཕྱིན་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་ཕུལ་ཡོད། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་དུས་སྐབས་ལ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་བརྟན་ལྷིང་གི་ནུས་པ་དེ་བས་ཀྱང་བཏོན་ནས། སྔར་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མཉམ་འབྲེལ་རང་སྟོབས་ཀྱི་ཐོག་མའི་བསམ་འདུན་རྒྱུན་བསྐྱངས་ཏེ། ཐུན་མོང་བདེ་འཇགས་ཀྱི་སྲུང་བཅད་དེ་བས་ཀྱང་བརྟན་པོ་བསྐྲུན་པ་དང་། ཤར་ཕྱོགས་ཀྱི་བློ་གྲོས་ལ་བརྟེན་ནས་ཤར་ཕྱོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། བྱ་སྤྱོད་དངོས་སྤེལ་ནས་ལྷོ་རྒྱ་མཚོ་ཡུན་རིང་བདེ་འཁོད་ཡོང་བར་བྱེད་པ། མཉམ་ལས་གཉིས་ཁེའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་རྒྱུས་ལོན་གྲོགས་སྒྲིག་དང་དགའ་ཉེ་འཆམ་མཐུན་ཡོང་བ་བཅས་བྱས་ཏེ། བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་སྤྱི་ཡོངས་ཀྱི་མཉེན་གཤིས་ཆེ་རུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

ཧ་ལི་ཏེ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོག་སྲུང་ལས་དོན་སྡེ་ཚན་གྱི་འགོ་ཁྲིད་པས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་སྒྲོམ་གཞིའི་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་བརྩི་འཇོག་བྱས་པར་བསྔགས་བརྗོད་བྱས་པ་དང་འབྲེལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འགོག་སྲུང་ལས་དོན་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བརྗོད་པ་རེད། ཚོགས་ཞུགས་རྒྱལ་ཁབ་ཀྱིས་2027ལོར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་ཐེངས་གཉིས་པ་གཉེར་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད།

དེ་ཉིན་ཏུང་ཅུན་གྱིས་ད་དུང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་རྒྱ་ཆེའི་ཚོགས་འདུར་ཞུགས་མཁན་ཨ་རི་དང་། ནེའུ་ཙི་ལན། ཐེ་ལན་བཅས་ཀྱི་འགོག་སྲུང་ལས་དོན་སྡེ་ཚན་གྱི་འགོ་ཁྲིད་པ་དང་གྲོས་མོལ་བྱས་པ་རེད།

(སྒྱུར་ཞུས་པ་བསྟན་བློ)