“ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད”ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་1ཉིན་གྱི་སྔ་དྲོ། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་དུས་མཚམས་གཉིས་པའི་ཚོགས་འདུར་ཞུགས་པ་དང་འབྲེལ《ཐུན་མོང་ཐོག་རྒྱུན་མཐུད་ཆོག་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དངོས་ཚན་ཁག་གིས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོ་སྐབས་གསར་པ་དམ་འཛིན་བྱེད་པ། འགྲན་སློང་གསར་པར་ཁ་གཏད་གཅོག་པ་བཅས་ཐད་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས་བརྗོད་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་གྲངས་རིག་གིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་མཐའ་འཁྱོངས་བྱེད་པ། ཀུན་ཕན་མཉམ་སྤྱོད་དོན་འཁྱོལ་བཅས་ཀྱི་གྲོས་འགོ་ཁག་གསུམ་བཏོན་གནང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིད་ཆེས་དང་སྒུལ་ཤུགས་དེ་བས་མང་བ་བསྣན་ཡོད། སང་ལོར་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་ཐེངས་གསུམ་པ་འཁུར་རྒྱུ་ཡིན་པ་དང་རྒྱལ་སྤྱིའི་མི་སྣས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོ”ཐུགས་གྲ་ལེགས་འགྲིག་ཡོང་བར་བྱས་ནས་ཕྱོགས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། དམངས་འཚོའི་བདེ་རྩར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ལ་མཉམ་ལས་ལས་སྟེགས་བསྐྲུན་ནས་རྒྱུན་མཐུད་ཆོག་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
“ས་ཁུལ་དང་ཐ་ན་འཛམ་གླིང་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་སྣོན་པ”
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ལག་རྩལ་གསར་པའི་སྐུལ་འདེད་དང་མཐུན་རྐྱེན་སྦྱོར་བའི་ནུས་པ་གང་ལེགས་བཏོན་ནས་གྲངས་འཛིན་ཅན་དང་། རིག་ནུས་ཅན་། ལྗང་མདོག་ཅན་བཅས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་ཞེས་བཏོན་གནང་ཡོད། བཞེད་ཚུལ་འདིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་དཔལ་འབྱོར་དངོས་ཚན་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་མགྱོགས་སུ་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་ཐུབ”ཅེས་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝེ་ལུའོ་ཉི་ཁ·ས་ལ་སི་ཝ་ཏིས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་ས་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལག་རྩལ་མཉམ་ལས་ནང་ཞུགས་པའི་བར་མཐོངས་རྒྱ་སྐྱེད་བཏང་སྟེ། ཕྱོགས་ཁག་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་བསྟུན་མཁས་རང་བཞིན་གྱི་འཕར་སྣོན་མངོན་འགྱུར་ཡོང་བར་རམ་འདེགས་བྱས་ཡོད་ཅེས་བརྗོད།
“ང་ཚོས་བུ་རབས་ཚ་རྒྱུད་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་དཔལ་འབྱོར་དངོས་ཚན་ཁག་གི་ལྗང་མདོག་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤུས་ལེགས་ལྗང་མདོག་ལག་རྩལ་དང་ཐོན་རྫས་རང་མོས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་ལ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱེད་དགོས”ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་དེས་ཕེ་རུའི་ཞི་བདེ་རྒྱ་མཚོ་ཆེན་པོའི་གཤོང་སའི་དཔལ་འབྱོར་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་ཟུར་པ་སྨི་ཀེར·ཁོར་ཏ་ནུའོ·ལུའོ་ཏེ་ལི་ཀེ་སིར་བག་ཆགས་ཟབ་མོ་བཞག་ཡོད། ཁོང་གིས་ལྗང་མདོག་གསར་གཏོད་མཉམ་ལས་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། “ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ལྗང་མདོག་དང་གྲངས་འཛིན་མཐུན་སྦྱོར་གྱི་འཕེལ་རྒྱས་གཏོང་རྒྱུ་དར་སྤེལ་ཧུར་ཐག་བཏང་ནས་ས་ཁུལ་དང་ཐ་ན་འཛམ་གླིང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད”ཅེས་བརྗོད་པ་རེད།
“གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒོ་དབྱེ་དང་། དངོས་སྒྲུབ། གཉིས་ཁེ་བཅས་ཀྱི་དཔེ་མཚོན་བཏོད་པ”
ཨ་ཀེན་ཐིན་ཨ་ཀྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཕཱ་ཐེ་ལི་ཞི་ཨའོ·ཀྲུའུ་སི་ཐུའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་དེ་ཐོག་ནས་ཀྲུང་གོས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བའི་ལངས་ཕྱོགས་མངོན་ཡོད། ཁོང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དར་རྒྱས་དང་བརྟན་ལྷིང་ནི་ཕྱོགས་ཁག་གི་གསོན་ཤུགས་དང་གསར་གཏོད་ཀྱི་ནུས་པ་ལས་བྱུང་བ་ཞིག་ཡིན་ལ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་གཉིས་ཁེ་གཉིས་ཕན་གྱི་ཐུན་མོང་གི་དམ་བཅའ་བཞག་པ་ལས་ཀྱང་བྱུང་བ་ཞིག་ཡིན། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་དངོས་ཚན་གལ་ཆེན་ཞིག་ཡིན་པའི་ཀྲུང་གོས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒོ་དབྱེ་དང་། དངོས་སྒྲུབ། གཉིས་ཕན་བཅས་ཀྱི་དཔེ་མཚོན་བཏོད་ཡོད”ཅེས་བརྗོད་པ་རེད།
ཆི་ལིའི་སན་ཐེ་ཡ་ཀོ་སློབ་ཆེན་གྱི་དཔལ་འབྱོར་རིག་པ་མཁས་ཅན་མཱ་སའེ་ལ·པེ་ལ་ཡིས་ཀྲུང་གོ་དང་ཆི་ལི་སོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་དཔལ་འབྱོར་དངོས་ཚན་གྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ནས་ཚོང་དོན་དང་མ་འཇོག་སྤེལ་རེས་ལ་སྐུལ་འདེད་བཏང་བ་མ་ཟད། འཕེལ་རྒྱས་ཀྱི་གོ་སྐབས་གསར་པའང་བཏོད་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མཚལ་ཡིག་གི་གཞི་ཁྱོན་ཇེ་ཆེར་འགྲོ་བ་དང་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་འཐུས་ཚང་དུ་འགྲོ་བར་བསམ་ཕྱོགས་གསར་པ་དང་ཐབས་ལམ་གསར་པ་མཁོ་འདོན་བྱས་ཏེ“རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད”ཅེས་བརྗོད་པ་རེད།
“ཐོག་མཐའ་བར་གསུམ་དུ་དགེ་མཚན་ལྡན་པ་དང་ཁྲིད་སྟོན་གྱི་ནུས་པ་འདོན་པ”
ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་1ཉིན་གྱི་སྔ་དྲོ། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པའི་མགྲོན་བདག་རྒྱལ་ཁབ་རྩིས་སྤྲོད་རྩིས་ལེན་གྱི་ལྷུ་ཚིགས་སུ་ཞུགས་ནས། ཀྲུང་གོ་ཕྱོགས་ཀྱིས་སང་ལོའི་ཟླ་11ལ་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད། ཚོགས་ཞུགས་དཔལ་འབྱོར་དངོས་ཚན་གྱི་འགོ་ཁྲིད་པས་ཀྲུང་གོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱི་ཚོགས་འདུ་གཉེར་བའི་འདུ་ཤེས་ལ་མོས་མཐུན་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོ”ཐུགས་གྲ་ལེགས་འགྲིག་བྱུང་ནས་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱས་པ་རེད།
“ངས་ད་ལྟའང་2014ལོར་ཀྲུང་གོར་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་གཉིས་པ་གསལ་པོ་དྲན་གྱི་འདུག སྐབས་དེ་དུས་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕན་ཚུན་འབྲེལ་མཐུད་དེ་ཚོགས་འདུའི་གྲོས་གཞིའི་གྲས་ཤིག་ཏུ་བརྩིས་ཡོད”ཧན་གོའི་ཁེ་ལས་མཁས་ཅན་ལི་ཀུའེ་ཧའོ་ཡིས་ཀྲུང་གོ་འདི་ཉིད་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཏུ་གྱུར་པ་དེར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད“ཀྲུང་གོས་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་ཕྱོགས་སྒྱུར། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་གཤིས་བཅས་ཐད་ཀྱི་རང་ངོས་ཀྱི་ལེགས་ཆ་བཏོན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་གསོན་ཤུགས་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད། (བསོད་བདེ་ཆེ་བས་བསྒྱུར། བསོད་བདེ་ཆེ་བ་དང་སྒྲོན་ལགས་ཀྱིས་ཞུས)