《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月19日

ཕ་རི་སིའི་རྒྱལ་ཁ་ཕུ་ཐག་གཅོད། ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་མངོན།

——ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དང་ངོ་ཐུག་གདོང་འཕྲད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོའི་བོད་ལྗོངས་ས་ཚིགས་ཀྱི་སྒྲོག་འགྲེལ་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཕ་རི་སིའི་རྒྱལ་ཁ་ཕུ་ཐག་གཅོད། ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་མངོན——ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་དང་ངོ་ཐུག་གདོང་འཕྲད་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོའི་བོད་ལྗོངས་ས་ཚིགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་ཆུང་དུ་སྤེལ་འགོ་ཚུགས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག་མཱ་ལུང་དང་། ལུང་ཏའོ་དབྱི། ཁྲེན་ཆིང་ཁྲེང་སོགས་ལས་གྲུབ་པའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་འཐུས་མི་ཚོགས་པར་དེར་ཡོད་དགེ་སློབ་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། ལུང་ཏའོ་དབྱི་དང་། ཝང་ལིའུ་དབྱི། ཝང་ཆན་དབྱི་བཅས་ཀྱིས་སྒྲོག་འགྲེལ་བྱེད་སྐབས་རང་ཉིད་ཀྱི་ལུས་རྩལ་བྱེད་པའི་བརྒྱུད་རིམ་དང་། འགྲན་བསྡུར་གྲ་སྒྲིག་བྱེད་པའི་བརྒྱུད་རིམ། སེམས་ཁམས་སྙོམས་ཐབས་སོགས་མཉམ་སྤྱོད་བྱས་ཏེ། ཕྱོགས་གང་ཅི་ནས་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་མེས་རྒྱལ་དང་མི་དམངས་ཆེད་གཟི་བརྗིད་བརྩོན་ལེན་བྱས་པའི་འབད་འཐབ་ཀྱི་བརྒྱུད་རིམ་བརྗོད་པ་རེད། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་པ་ཚོས་འབད་འཐབ་བྱས་པའི་གཏམ་རྒྱུད་ལས་མི་སྒེར་གྱི་ཟིན་ཐོ་བཏོད་པ་ནས་རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པའི་བར་གྱི་འབད་འཐབ་ཀྱི་སྙིང་སྟོབས་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་པ་དང་། དེ་ལས་དུས་རབས་གསར་པའི་ཀྲུང་གོའི་ལུས་རྩལ་པའི་ཕུལ་བྱུང་ཉམས་འགྱུར་དང་རིག་གནས་ཀྱི་གདེང་ཚོད་མངོན་པས་དེ་གར་ཡོད་པའི་མི་རྣམས་ཀྱི་སྤྲོ་བས་ཁེངས་པའི་མོས་སེམས་ཐོབ་ཡོད།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་རྩལ་འགྲན་ལུས་རྩལ་སིའི་སི་ཀྲང་ཀྲང་ཤིན་གྱིས། ལུས་རྩལ་བྱ་གཞག་ནི་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས“ང་ཚོས་2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཁྲོད་ཀྲུང་གོའི་ལུས་རྩལ་པ་ཚོར་ཕུལ་བྱུང་གྲུབ་འབྲས་ཐོབ་པར་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག”ཅེས་བརྗོད།

ད་ཐེངས་ཀྱི་བྱེད་སྒོས་ས་མཐོའི་བུ་ཕྲུག་ཚོར་ཨང་དང་པོ་ཐོབ་མཁན་ལུས་རྩལ་པ་ཚོའི་ཉམས་འགྱུར་ཐག་ཉེ་ས་ནས་མྱོང་ཚོར་ཐུབ་ཡོད་ཅིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཧྲེ་ཀྲང་གཞོན་པ་གཡུ་སྒྲོན་གྱིས། ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་ཚོར་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པའི་ལུས་རྩལ་གྱི་སྙིང་སྟོབས་ལྡན་པ་མ་ཟད། འགྲན་བསྡུར་གྱི་གར་སྟེགས་བརྒྱུད་མི་རིགས་མཐུན་སྒྲིལ་ལ་དེ་བས་སྐུལ་འདེད་བཏང་ཡོད། སློབ་མ་ཚོས་ཨོ་རྩལ་འགྲན་ཚོགས་ཁྲོད་ཨང་དང་པོ་ཐོབ་པའི་ལུས་རྩལ་པ་ཚོ་མིག་དཔེར་བྱས་ནས་ལུས་རྩལ་གྱི་སྙིང་སྟོབས་དེ་སློབ་སྦྱོང་གི་སྒུལ་ཤུགས་སུ་བསྒྱུར་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་དགོས་ཅེས་བརྗོད།

ད་ཐེངས་བོད་ལྗོངས་ས་ཚིགས་ཀྱི་བྱེད་སྒོ་དུས་ཡུན་ཉིན་དྲུག་སྤེལ་རྒྱུ་ཡིན་ཞིང་། རིག་རྩལ་དང་སྲོལ་རྒྱུན་དམངས་སྲོལ་ལུས་རྩལ་གྱི་མཉམ་འགུལ་སྒྲོག་འགྲེལ་བྱ་རྒྱུ་མ་ཟད། ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་སློབ་གྲྭ་དང་། གྲོང་གསེབ། དམག་སྒར། མེ་འཁོར་བབས་ཚུགས་སོགས་སུ་བསྐྱོད་པའི་བྱེད་སྒོའང་སྤེལ་ནས་ཕུལ་བྱུང་ལུས་རྩལ་པ་དང་བོད་ལྗོངས་ཀྱི་མང་ཚོགས་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ་འབད་འཐབ་གཏམ་རྒྱུད་མཉམ་སྤྱོད་ཀྱིས་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རེད།

(པད་ཆོས་ཀྱིས་བསྒྱུར། བསྟན་བློས་ཞུས)