འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་ཆར། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས《དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱི་ཀུན་ཕན་གྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི》མཉམ་དུ་ཁྱབ་བསྒྲགས་བྱས་ནས། ཀུན་ཕན་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་ལེགས་སྒྲིག་དང་། ཀུན་ཕན་གྱི་ཡིད་རྟོན་དངུལ་བུན་མ་ལག་སྲ་བརྟན་དང་དེའི་ཕན་ནུས་ཆེ་རུ་གཏོང་བ། ཀུན་ཕན་གྱི་འགན་བཅོལ་མ་ལག་འཛུགས་པ་དང་། རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་སོགས་ནས་འགོ་བཙུགས་ཏེ་དོན་ཚན་དྲུག་གི་བྱེད་ཐབས་ཁག་16བཏོན་པ་རེད།
ལག་བསྟར་ཇུས་གཞིའི་ནང་བླང་བྱ་བཏོན་དོན། འབྱུང་འགྱུར་ལོ་ལྔའི་ནང་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་ཀུན་ཕན་གྱི་དངུལ་རྩའི་མ་ལག་སྤྱིའི་ཆ་ནས་བཙུགས་ཚར་བ་བྱས་ནས། ཀུན་ཕན་གྱི་དངུལ་རྩས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཀུན་ཕན་གྱི་ཡིད་རྟོན་དངུལ་བུན་མ་ལག་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ། ཀུན་ཕན་གྱི་འགན་བཅོལ་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།
ལག་བསྟར་ཇུས་གཞིའི་ནང་ཀུན་ཕན་གྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ཁག་གསུམ་བཀོད་སྒྲིག་བྱས་པ་སྟེ། གཅིག་ནས་ཀུན་ཕན་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་ལེགས་སྒྲིག་བྱས་ནས་རིམ་པ་མང་བ་དང་། ཁྱབ་རྒྱ་ཆེ་བ། ཁྱད་པར་ཅན་བཅས་ཀྱི་ཀུན་ཕན་གྱི་དངུལ་རྩའི་སྒྲིག་གཞིའི་མ་ལག་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་དངུལ་རྩའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་ཀུན་ཕན་གྱི་ཡིད་རྟོན་དངུལ་བུན་མ་ལག་སྲ་བརྟན་དང་དེའི་ཕན་ནུས་ཆེ་རུ་བཏང་སྟེ། ཕྲན་ཚེགས་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་ཞབས་ཞུའི་སྤུས་ཚད་ལེགས་སུ་དང་ནུས་པ་ཆེ་རུ་གཏོང་བ་དང་། “ཞིང་གསུམ”ཁྱབ་ཁོངས་ཀྱི་ཡིད་རྟོན་དངུལ་བུན་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་ས་ཁུལ་དང་དམིགས་བསལ་ཚོགས་སྤྱིར་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ། དམངས་གཉེར་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་དགོས་པ། གསུམ་ནས་ཀུན་ཕན་གྱི་འགན་བཅོལ་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འགན་བཅོལ་ཀུང་སིའི་ཆེད་ལས་ཅན་གྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་དང་། ཀུན་ཕན་གྱི་འགན་བཅོལ་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཀུན་ཕན་གྱི་འགན་བཅོལ་ལྟ་འདོམས་སྲིད་ཇུས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་རེད།
(བདེ་དབང་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)