ཏང་གཤིས་བློ་སྦྱོང་ལ་ཞུན་བརྡར་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་ནི་ཏང་ཡོན་མི་རེ་ངོ་རེའི་ཚེ་གང་གི་ཞིབ་འཇུག་བྱ་གཞི་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མཐའ་བར་གསུམ་དུ་ཐར་པར་གཏན་ནས་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་སྒྲིམ་ལམ་དམ་ནན་དང་གཏན་འབེབས་ཁ་གསལ་ཞིག་ལ་བརྩིས་ནས། ཡ་མེད་སྒྲིག་འགལ་དང་མངོན་མེད་ཐབས་སྒྱུར་གྱི‘སྤྱོད་ཚུལ་བཞིའི’གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་དམིགས་བསལ་དབང་ཆའི་བསམ་བློ་དང་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་བཏང་སྟེ། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ། བྱ་གཞག་ལྟ་བ་བཅས་བརྟན་པོ་འཛུགས་དགོས་པའི”ནན་བཤད་གནང་ཡོད།
མཚོ་སྔོན་ནི་དཀའ་ཚེགས་ཆེ་བའི་ས་ཁུལ་དང་། མི་རིགས་ས་ཁུལ། ས་བབ་མཐོ་བའི་ས་ཁུལ་བཅས་ཡིན་པས། ལས་སྒྲུབ་ལས་གཏོད་བྱེད་པར་ལས་སླ་པོ་མེད། འོན་ཀྱང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཁྱད་པར་དང་དམིགས་བསལ་གང་ཡང་མེད། མིག་སྔར་ལས་བྱེད་པ་ཁ་ཤས་ཀྱིས་རང་ཉིད་ཀྱིས་ས་མཐོར་ལས་ཀ་བྱས་པས“བྱས་རྗེས་མེད་ཀྱང་ལས་རྗེས་ཡོད་པ”དང“ཆ་རྐྱེན་དཀའ་ཚེགས་ཆེ་བས་ཚད་གཞི་དམའ་རུ་དང་རེ་བ་ལྷུག་ཏུ་བཏང་ན་འགྲིག་པའི”བསམ་བློ་འཆང་གི་ཡོད། “དམིགས་བསལ་སྨྲ་བ”དང“ཁ་གསབ་དགོས་པའི་བསམ་བློ”འདི་རིགས་དོན་དངོས་ཐོག་ཏང་གཤིས་ཤོར་བ་དང་། བསམ་པའི་འཚོ་བཅུད་མི་འདང་བ། རང་ཤེད་ཆེ་དྲགས་པ། རང་སྣང་གང་ཤར་བཅས་ཡིན་པས། གནོད་འཚེ་ཕོག་ཆུང་ཆུང་ཞིག་མ་རེད།
ཏང་དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་བྱ་རྒྱུ་ནི་རང་རེའི་ཏང་གི་ཐོག་མཐའ་བར་གསུམ་གྱི་བྱེད་ཕྱོགས་ཡིན་པས། བཀག་སྡོམ་ཁུལ་དང“དམིགས་བསལ་ཁུལ”མེད་ལ། ཁུག་གསང་མི་ལུས་པ་བྱེད་དགོས། “དམིགས་བསལ་སྨྲ་བ”དང“ཁ་གསབ་ཀྱི་བསམ་བློ”མེད་པར་བཟོ་བར་ངེས་པར་དུ“འགག་རྩའི་ཉུང་ཤས”ལ་དམ་འཛིན་གྱིས་གོང་དཔེ་འོག་སྟོན་བྱེད་པ་དང་། “སྤྱོད་ཚུལ་བཞི”རྒྱུན་མཐུད་ཡོ་བསྲང་གཏིང་ཟབ་བྱེད་པ། དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་པ་དང་ལྡོག་ཕྱོགས་ཀྱི་ཉེན་ཟོན་ལ་ཤུགས་སྣོན་རྒྱག་པ། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་དམིགས་བསལ་དབང་ཆར་སྔ་བར་ཕྱི་གསུམ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པར་དོ་ནན་ལས་སྒྲུབ་དང་། དཀའ་སྤྱད་ལས་སྒྲུབ། སྤྱོད་གཙང་ལས་སྒྲུབ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ། མཚོ་སྔོན་གྱི་ཏང་སྲོལ་སྲིད་སྲོལ་གསར་སྒྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
མིག་སྔར་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུཌ་སྐྲུན་བྱ་རྒྱུ་དེ་ལ་བརྒལ་ཉག་སྒྲོལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ད་དུང་ལས་དོན་མང་པོ་བསྒྲུབ་དགོས་པ་དང་། ད་དུང་ཞན་ཆ་མི་ཉུང་བ་ཞིག་སེལ་དགོས་ཀྱི་ཡོད། དེས་ན་དམ་ནན་གྱི་དགོངས་གཞི་དང་། དམ་ནན་གྱི་བྱ་ཐབས། དམ་ནན་གྱི་རྣམ་པ་བཅས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་སྒྲུབ་ལས་གཏོད་དང་། སེམས་གནས་པ་དང་ལུས་ཚུགས་པ། གནད་དོན་ལ་ཞིབ་འཇུག་བྱེད་པ་དང་། གནད་དོན་གནད་འཕིགས་ངང་འཚོལ་བ། དཀའ་གནད་ཐག་གཅོད་བཅས་བྱེད་དུ་བཅུག་ན་ད་གཟོད་གཞི་ནས་ལས་ཀའི་རྣམ་པ་གསར་པ་གཏོད་ཐུབ།
དཀའ་གནད་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཀའ་སྤྱད་འབད་བརྩོན་དང་སྤྱོད་གཙང་ལས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་ཡོད་དགོས་པ་མ་ཟད། སྒྲུབ་མཁས་ལ་རྗེས་ཐོན་པའི་ནུས་པ་དང་འཇོན་ཐང་དེ་བས་ཀྱང་ཡོད་དགོས། གཏོར་འཛུགས་མཉམ་སྤེལ་དང་དགེ་སྤེལ་སྐྱོན་སྤོང་མཐའ་འཁྱོངས་བྱས་ནས“དམིགས་བསལ་སྨྲ་བ”དང“ཁ་གསབ་ཀྱི་བསམ་བློ”མཐའ་གཅིག་ཏུ་མེད་པར་བཟོ་རྒྱུ་དེ་ཉིད་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བའི་ཚད་བརྒལ་བྱེད་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ནན་པོ་མཐར་ཕྱིན་པ་བྱེད་པའི་སྙིང་རུས་བརྟན་པོར་བརྟེན་ནས་བསམ་བློའི“རྩ་བའི”གནད་དོན་གཏིང་རིམ་ནས་ཐག་གཅོད་བྱེད་དགོས། ཧུར་བརྩོན་དང་སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་སྐྱོང་སྤེལ་ཤུགས་ཆེན་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཚེ། ད་གཟོད་གཞི་ནས་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།
སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པས། ཏང་ཡོན་དང་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས“མཚམས་འཇོག་པ་དང་ངལ་གསོ་རྒྱག་པའི”ལྷོད་གཡེང་གི་བསམ་ཚུལ་གཏན་ནས་ཡོད་མི་རུང་ལ། “ས་མཐོར་གསོ་རླུང་དཀོན་པས་ལྷུག་ཏུ་བཏང་ན་འགྲིག་པའི”ནོར་འཁྲུལ་གྱི་བསམ་ཚུལ་དེ་བས་ཀྱང་ཡོད་མི་རུང་། རྒྱང་ལམ་ནི་མཚར་སྡུག་ལྡན་པ་ཞིག་དང་ལས་འགན་ནི་འགྱུར་བ་མེད་པ་ཞིག་ཡིན་པས། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་སུ་བརྩིས་ཏེ་གུང་ཁྲན་ཏང་མིའི“སེམས་ཁམས་རིག་པ”རྒྱུན་བསྲིང་ལྷོད་མེད་ངང་ཡག་པོ་སྦྱངས་ཏེ། སློབ་སྦྱོང་སློབ་གསོ་ལས་བྱུང་བའི་ཉམས་འགྱུར་གསར་པ་དང་རྣམ་པ་གསར་པར་བརྟེན་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་བསྐྲུན་ཏེ། འབད་འཐབ་སྐྱེས་འབུལ་དང་དངོས་སྒྲུབ་བརྩོན་ལེན་བྱ་རྒྱུ་དེ་ཉིད་དུས་རབས་གསར་པའི་མཚོ་སྔོན་པའི་མངོན་གསལ་དོད་ཤོས་ཀྱི་མཚོན་རྟགས་སུ་འགྱུར་བ་བྱེད་དགོས།
—— མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་མི་རིང་བའི་གོང་ཞིང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུའི་ཐོག་གསུངས་པ།
(བསྟན་བློས་བསྒྱུར། ཚེ་ལྷ་དང་བསྟན་བློས་ཞུས)