འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “དྲུག་གཅིག”འཆར་ལ་ཉེ་བའི་མཚམས་འདིར། གསར་འགོད་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་11གིས་མཉམ་དུ་བརྡ་ཐོ་བཏང་སྟེ། ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ནས། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་མཉམ་དུ་གཏོད་དགོས་པའི་ཐད་བཀོད་སྒྲིག་བྱས་ནས། རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་སྤྲོ་སྣང་ལྡན་ཞིང་བརྗེད་པར་དཀའ་བའི་དུས་ཆེན་ཞིག་གཏོང་ཐུབ་པར་བྱེད་དགོས་ལུགས་བཏོན་ཡོད།
བརྡ་ཐོའི་ནང་བསྟན་དོན། ས་གནས་ཁག་དང་སྡེ་ཁག་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བར་དམིགས་ཏེ། འཚམས་འདྲི་ལྟ་སྐོར་དང་། ཞིབ་སློབ་ལག་ལེན། བརྗོད་དོན་གཙོ་བོའི་གཏམ་བཤད་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། རི་འགོག་དམག་འཁྲུག་གི་གཏམ་རྒྱུད་ཡག་པོ་བརྗོད་དེ། རི་འགོག་དམག་འཁྲུག་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་དགོས། བྱེད་སྟངས་དང་གཞི་རྟེན་གསར་གཏོད་བྱས་ནས་ཕ་མ་བུ་ཕྲུག་གི་དཔེ་ཀློག་གྱེར་འདོན་དང་། ཁྱིམ་སྲོལ་གཏམ་རྒྱུད་སྒྲོག་འགྲེལ། གླུ་ལེན་བྱེད་སྒོ གདོང་ལེན་རུ་མིར་ཞུགས་པའི་མཛད་སྒོ་སོགས་གཉེར་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་དགོས། དུས་རབས་ཀྱི་མིག་དཔེ་དང་ཀུན་སྤྱོད་དཔེ་བཟང་བ་སོགས་ཕྲུ་གུ་ཚོའི་ཉེ་འགྲམ་དུ་གདན་དྲངས་ཏེ། རྒྱ་ཆེའི་བྱིས་པ་ཚོས་མིག་དཔེའི་གཏམ་རྒྱུད་ཉན་པ་དང་མིག་དཔེའི་སྙིང་སྟོབས་རྟོགས་པར་ཁྲིད་སྟོན་བྱས་ནས། ཆུང་དུས་ནས་ཀྲུང་གོའི་སེམས་པ་དང་མི་རིགས་ཀྱི་བླ་སྲོག་ཁྲག་རྒྱུན་ནང་འདྲེས་པ་དང་སེམས་ལ་ཟུག་པར་བྱེད་དགོས།
(པ་ཚེས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)