ཐན་འགོག་ཆུ་འདྲེན་འགན་ལེན་དང“ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་རང་བཞིན་གྱི་ཆུ་ལོག”ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱེད་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་དཔྱིད་ཆུ་འདྲེན་ཚར་གྲབས་ཡོད་ཅིང་། རིམ་རྩིས་བརྒྱབ་ན། རྒྱལ་ཡོངས་སུ་ཞིང་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་463དྲངས་པ་དང་། ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར་4ཙམ་ཟིན་ཡོད། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་5320ལྷག་ཙམ་གྱིས་ཐན་འགོག་ཆུ་འདྲེན་འགན་ལེན་གྱི་གཙོ་ཤུགས་ནུས་པ་གང་ལེགས་བཏོན་ཞིང་། རིམ་རྩིས་བརྒྱབ་ན། ཆུ་འདྲེན་རྒྱ་ཁྱོན་མུའུ་དུང་ཕྱུར་3ཙམ་ཟིན་ནས་དབྱར་བསྡུའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་འགན་ལེན་བྱས་ཡོད། རིམ་རྩིས་བརྒྱབ་ན། ད་ལོ་དགུན་གྲོ་ཐོན་ཁུལ་གཙོ་བོ་ཡིན་པ་གང་ཞིག ཐན་སྐྱོན་ཅུང་ཆེ་ཙམ་ཕོག་པའི་ཧོ་ནན་དང་། ཧྲའན་ཤིས། ཧྲན་ཤིས་སོགས་ཞིང་ཆེན་གྱི་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་386གི་ས་ཞིང་མུའུ་ཁྲི་2713ལ་ཞིང་ཆུ་དྲངས་པ་དང་། ཞིང་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་30ལྷག་ཙམ་ཟིན་ཡོད་པ་རེད།
ད་ལོ་ཚུན་དུ། རྒྱལ་ཡོངས་སུ་ཆ་སྙོམས་ཆར་པ་འབབ་ཚད་ལོ་འཁོར་མོའི་དུས་མཚུངས་ལས་11%གིས་ཉུང་བ་དང་། གཙང་པོ་དང་ཆུ་བོའི་ཆ་སྙོམས་ཆུ་རྒྱུག་ཚད་ལོ་འཁོར་མོའི་དུས་མཚུངས་ལས་བཅུ་ཆ་གསུམ་ཙམ་གྱིས་ཉུང་བ་ཡོད། ལྷག་པར་དུ་ལྷོ་ནུབ་ས་ཁུལ་དུ་ན་ནིང་དགུན་ཁ་ཚུན་དང་། བྱང་ཕྱོགས་ཀྱི་དགུན་གྲོ་ཐོན་ཁུལ་གཙོ་བོར་ཟླ་3པ་ཚུན་དུ་ཆར་པ་འབབ་ཚད་རྒྱུན་མཐུད་ཉུང་དུ་ཕྱིན་པ་དང་། དེའི་ཁར་དྲོད་ཚད་མཐོ་ལ་ལྷགས་པ་ཆེན་པོ་ལྡང་བའི་གནམ་གཤིས་བསྟན་པས། ས་རྒྱུའི་བཞའ་ཚན་དེ་མུར་ཤོར་ཏེ། རྨོ་ཞིང་སྐམ་ཚད་ལོ་འཁོར་མོའི་དུས་མཚུངས་ལས་ཅུང་མང་དུ་ཕྱིན་ཡོད་པ་རེད།
ཆུ་བེད་པུས་ཐན་པའི་གནས་ཚུལ་ལ་གྲོས་མོལ་དང་མཐའ་དཔྱོད་བྱས་ཏེ། ཉེ་དུས་ཧྲན་ཤིས་དང་། ཧུའུ་པེ། ཀོང་ཤིས། སི་ཁྲོན། ཡུན་ནན། ཧྲའན་ཤིས། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་8ལ་ཐན་འགོག་Ⅳརིམ་པའི་འཕྲལ་སྡོམ་དང་ལེན(ཀོང་ཤིས་ལ་དམིགས་པའི་འཕྲལ་སྡོམ་དང་ལེན་མཚམས་བཞག་པ)བྱེད་འགོ་ཚུགས་ནས། ལས་དོན་ཚོགས་ཆུང་10འཐབ་ས་དང་པོར་ཐན་འགོག་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་བྱེད་པར་མངགས་པ་རེད།
ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ཁུངས་བཀོད་གཏོང་དང་འགན་སྲུང་བྱས་ཤིང་། འབབ་རྒྱུད་ཀྱི་དོ་དམ་སྒྲིག་གཞི་ཁག་གིས་ཆུ་སྤྱོད་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འབབ་རྒྱུད་ཁུལ་གྱི་ཞིང་ཆུ་འདྲེན་པའི་དགོས་མཁོར་འགན་ལེན་ཏན་ཏིག་བྱས་ཡོད། ས་ཆ་ཁ་ཤས་ཀྱི་ཐན་པའི་གནས་ཚུལ་ལ་དམིགས་ནས། ད་ལོ་རྨ་ཆུའི་དབུས་སྟོད་རྒྱུད་ཀྱི་ཆུ་མཛོད་ནས་རིམ་རྩིས་བརྒྱབ་ན་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་66བཏང་བ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་མཛོད་ཁག་ནས་རིམ་རྩིས་བརྒྱབ་ན་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་380བཏང་ནས། ཞིང་ཆུ་འདྲེན་ཁུལ་དང་འབྲི་ཆུའི་འབབ་རྒྱུད་སྨད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་སྤྱོད་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་པ་རེད།
ཞིང་ཆུ་འདྲེན་འབུད་སྒྲིག་བཀོད་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ཞིང་། ན་ནིང་ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་1000ལྷག་ཙམ་བཏང་ནས་ཞིང་ཆུ་འདྲེན་ཁུལ་1300ལྷག་ཙམ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་ཡོད། ས་གནས་ཁག་གིས་གོ་སྐབས་དམ་འཛིན་བྱས་ནས་དགུན་དཔྱིད་གཉིས་རིང་གི་ཆུ་འདྲེན་སྒྲིག་ཆས་ཉམས་བཟོ་དང་། ཞིང་ཆུ་འདྲེན་ཁུལ་གྱི་རྣམ་གྲངས་ལག་བསྟར། སྐྱོན་ཤོར་བའི་ཞིང་ཆུ་འདྲེན་འབུད་སྒྲིག་ཆས་གང་མགྱོགས་ཉམས་བཟོ། ཆུ་ཡུར་འགག་པའི་གནད་དོན་ཐག་གཅོད། ཞིང་ཆུ་འདྲེན་འབུད་མ་ལག་གི་ཞན་ཆ་སེལ་བ་བཅས་བྱས་པས། ཆུ་སྐྱོན་ལས་ཆུ་བེད་སྒྲིག་བཀོད་4257ལ་གཏོར་སྐྱོན་ཕོག་པ་དག་གཞི་རྩའི་ཆར་ཉམས་བཟོ་ཐུབ་སྟེ། དཔྱིད་རྨོད་དཔྱིད་འདེབས་ལ་འགན་སྲུང་བདེ་བླག་བྱས་ཡོད།
ཆུ་བེད་པུས་སྔོན་འགོག་གཙོ་བོར་བཟུང་ནས་འབབ་རྒྱུད་ཀྱི་ཆུ་ལོག་དང་ཐན་འགོག་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས། ས་གནས་ལ་གཞོགས་འདེགས་བྱས་ཏེ་ཆུ་ལོག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཡོད། ཟླ་4པའི་ཟླ་མཇུག་གོང་། ཆུ་སྐྱོན་ཕོག་པའི་སྒྲིག་བཀོད་གཞི་རྩའི་ཆར་ཉམས་བཟོ་ཐུབ་པ་དང་། ཉམས་བཟོ་ཐུབ་མེད་རིགས་གང་མགྱོགས་ཉམས་བཟོ་བྱས་ནས། འབྲུབ་ཆུ་རྒྱས་རིང་གི་བདེ་འཇགས་འགན་སྲུང་བྱ་ཐབས་རེ་རེ་བཞིན་དོན་འཁྱོལ་བྱས་ཡོད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)