《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月31日

དུས་རབས་གསར་པར་སྐེ་དར་དམར་པོའི་བཀྲག་མདངས་དེ་བས་འཚེར་བར་བྱེད།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གིས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་སྐུལ་ལྕག་ཟབ་མོ་ཐེབས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཧོ།

ཚེས་27ཉིན། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་པེ་ཅིང་དུ་འགོ་ཚུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་སྐུལ་ལྕག་ཟབ་མོ་ཐེབས་པ་མ་ཟད། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལའང་སྐུལ་ལྕག་ཟབ་མོ་ཐེབས་ཡོད་པ་རེད།

རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་ཚོས་སྤོ་བོ་ཞི་ལགས་ཀྱི་བཀའ་སློབ་དང་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཏང་གཅེས་རྒྱལ་གཅེས་དང་། སློབ་སྦྱོང་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ནས་དུས་རབས་གསར་པར་སྐེ་དར་དམར་པོའི་བཀྲག་མདངས་དེ་བས་འཚེར་བ་བྱེད་ཀྱི་ཡིན་ཞེས་བཤད།

རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས། ཏང་ཀྲུང་དབྱང་གིས་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཐུགས་ཁུར་དགའ་གཅེས་དང་ཐུགས་རེ་ཟབ་མོ་བཅོལ་བ་གང་ལེགས་མངོན་པས། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་གསོ་སྐྱོང་བྱས་ནས་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གིས་དུས་རྟག་ཏུ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་མུ་མཐུད་འབད་འཐབ་ཆེད་གྲ་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་བཤད།

ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འབྱུང་འགྱུར་གྱི་སྟོབས་ཤུགས་གསར་པ་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འབྱུང་འགྱུར་གྱི་སྟོབས་ཤུགས་གསར་པ་ཡིན་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་ནི་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སློབ་གྲྭ་ཆེན་པོ་ཞིག་རེད”ཅེས་གསུངས་ཡོད།

ན་ནིང“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་སྔ་སྣུབ་ཏུ། སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཅཱ་ལིང་ཆུས་ཀྲི་ཅང་སློབ་ཆུང་གི་སློབ་མ་ཐང་ཧའེ་ལིང་དང་སློབ་གྲོགས་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་ཡོད། ཐང་ཧའེ་ལིང“འཕྲིན་ལན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ལོ་ཆུང་གདོང་ལེན་པར་བརྩོན་ལེན་བྱེད་པའི”ལག་ལེན་བྱེད་སྒོར་ཞུགས་པ་བརྒྱུད། གཙོ་འཛིན་གྱི་ཐུགས་ཁུར་ཟབ་མོ་ཚོར་བ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད། ད་ཐེངས་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་ཡིན་པའི་ཐང་ཧའེ་ལིང་གིས“ང་ཚོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འབྱུང་འགྱུར་གྱི་སྟོབས་ཤུགས་གསར་པ་ཡིན་པས། ངས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ནས་ཏང་གཅེས་རྒྱལ་གཅེས་དང་། སློབ་སྦྱོང་ལ་འབད་བརྩོན། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཡོང་བ་བྱེད་ཀྱི་ཡིན”ཞེས་སེམས་འགུལ་ཐེབས་བཞིན་དུ་བཤད།

པེ་ཅིང་གྲོང་ཁྱེར་ཡུས་དབྱིན་སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་རུ་ཆེན་གྱི་ཟུར་ཁྲིད་པ་ཝང་ཅཱ་ནེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་ནང“ལོ་ཆུང་གདོང་ལེན་རུ་ཁག་ནི་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སློབ་གྲྭ་ཆེན་པོ་ཞིག་རེད”ཅེས་གསུངས་པར་མྱོང་ཚོར་ཟབ་མོ་བྱུང་། “རུ་ཆེན་གྱི་ཟུར་ཁྲིད་པ་ཞིག་ཡིན་པའི་ངས་རང་འགན་གཙང་སྒྲུབ་ཀྱིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྤེལ་བ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཡུས་དབྱིན་སློབ་གྲྭའི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། ལོ་ཆུང་བྱིས་པའི་ཆབ་སྲིད་ཀྱི་བློ་སྒོ་འབྱེད་པ་དང་རིན་ཐང་ལྟ་བ་འཛུགས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།

རུ་དར་མཐོན་པོར་བསྒྲེངས་ཏེ་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་གསོ་སྐྱོང་བྱེད་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “རྒྱང་ལམ་གསར་པར་ལོ་ཆུང་གདོང་ལེན་རུ་ཁག་གིས་རུ་དར་མཐོན་པོར་བསྒྲེངས་ཏེ་ཏང་གི་རྗེས་སུ་འབྲངས་ནས། གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་ཚད་ལྡན་གསོ་སྐྱོང་བྱེད་པར་གཞིགས་ནས། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིར་ཏང་གཅེས་རྒྱལ་གཅེས་དང་། སློབ་སྦྱོང་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས”ཞེས་གསུངས་ཡོད།

“ང་ཚོས་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་ནས། གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ། ‘སྐེ་དར་དམར་པོའི་སློབ་གླིང’གི་མི་སྐྱོང་སྤུས་རྟགས་སྟོབས་ཆེར་བཏང་ནས། ལོ་ཆུང་གདོང་ལེན་རུ་མིས་གསར་བརྗེའི་གཞི་རྒྱུ་དང་། ཀྲུང་ཧྭའི་རིག་གནས། འབད་འཐབ་ཀྱི་སྙིང་སྟོབས་བཅས་རྒྱུན་འཛིན་ཐུབ་པར་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡིན”ཞེས་གུང་གཞོན་སྡེ་ཚོགས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་ཀྲེ་ཅང་ཞིང་ཆེན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་སུའུ་ཧུང་གིས་བཤད།

ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་ཧྲང་ཧའེ་གྲོང་ཁྱེར་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་དང་གྲོང་ཁྱེར་ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱི་ཁྱབ་ཟུར་ཁྲིད་པ་ཀྲའོ་གོ་ཆང་གིས།“ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་ནི་ཏང་གཅེས་རྒྱལ་གཅེས་དང་། སློབ་སྦྱོང་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་གསོ་སྐྱོང་བྱེད་མཁན་གྱི་འགག་རྩའི་སྟོབས་ཤུགས་ཡིན” ཞེས་བརྗོད་པ་དང་། ཁོང་གིས། གོམ་སྟབས་རྗེས་མར་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པས་བྱིས་པའི་མཐོང་ཚོར་བརྒྱུད་གསལ་འགྲེལ་དང་། བརྩེ་སེམས་ཅན་གྱི་ཉམས་ལེན། སྒྲིག་འཛུགས་ཅན་གྱི་བྱེད་སྒོ འཚོ་བ་ཅན་གྱི་རྣམ་པ་བཅས་ལ་བརྟེན་ནས། ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དྲིལ་བསྒྲགས་བྱས་ཏེ། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་དང་ཆེད་ལས་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་གི་ཡིན་ཞེས་བཤད།

ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་ཏེ་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ཏང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་སྡེ་ཚོགས་ཡོངས་ལ་སྣེ་ཁྲིད་བྱེད་པའི་འགན་འཁྲི་བརྟན་དུ་བཏང་ནས། ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་དང་མཐུན་རྐྱེན་བསྐྲུན་ཏེ་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

གུང་གཞོན་སྡེ་ཚོགས་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་པེ་ཅིང་གྲོང་ཁྱེར་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཤའོ་པའོ་ཡིས། “ང་ཚོས་སྡེ་ཚོགས་ཡོངས་ཀྱི་རུ་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས། ཏང་དང་། སྡེ་ཚོགས། རུ་ཁག་བཅས་ཀྱིས་མི་སྣ་སྐྱོང་བའི་འཁོར་འབྲེལ་འབྲེལ་མཐུད་ལ་སྐུལ་འདེད་དང་། རྒྱལ་སའི་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ། སྤྱི་ཚོཌ་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱས་ནས། ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་། ལག་ལེན་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད།

ཧྲའན་ཤིས་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་དང་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་ཧྲའན་ཤིས་ཞིང་ཆེན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧྲུའུ་ཧྲེང་གིས། “སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གིས་ང་ཚོས་ལོ་ཆུང་གདོང་ལེན་རུ་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད”ཅེས་བརྗོད་པ་དང་། ཁོང་གིས། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། འཚར་ལོངས་ལ་སྐུལ་ལྕག དཔུང་ཁག་འཛུགས་སྐྱོང་། ལག་ལེན་མི་སྐྱོང་སོགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་མུ་མཐུད་འབད་འཐབ་བྱ་ཆེད་སློབ་གསོ་ཁྲིད་སྟོན་བྱེད་ཀྱི་ཡིན་ཞེས་བཤད། (ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)