《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月26日

“རེ་བས་ཕྱུག་པའི་ཞིང་ས་འདིར་མི་རྣམས་ལ་རེ་བ་སྦྱིན་མཁན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད”

འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་ཅིང་ཤན།

ཉེ་བའི་ལོ་ཤས་རིང་། ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཡུར་ཏུ་ཟ་བའི་གྲུབ་འབྲས་རེ་རེ་ནི“ཞིང་གསུམ”འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་འབད་འཐབ་དང་ཁ་འབྲལ་ཐབས་མེད། ཟླ་5ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“རྒྱང་ལམ་གསར་པའི་ཐོག་གི་འབད་འཐབ་བྱེད་མཁན”ཞེས་པའི་ཀྲུང་ཕྱིའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུའི་ཐོག་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱི་གཞི་རིམ་འཐུས་ཚབ་5གདན་དྲངས་ཏེ“ཐོན་བརྟན་ཐོན་སྤེལ་བྱས་ནས་འགན་འཁྲི་འཁུར་སེམས་མངོན། གྲོང་གསེབ་དར་རྒྱས་བཏང་ནས་བྱས་རྗེས་གསར་པ་འཇོག”ཅེས་པར་དམིགས་ཏེ་ཀྲུང་ཕྱིའི་གསར་འགོད་པ་ཚོ་དང་ངོ་འཕྲད་སྤེལ་རེས་བྱས་པ་རེད།

དེང་རབས་ཞིང་ལས་འཕེལ་རྒྱས་བཏང་ནས་གསོལ་ཅོག་ཐོག་གི་ཟས་རིགས་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ།

“ང་ཚོའི་མཉམ་ལས་ཁང་གིས་རང་བདག་གཉེར་སྐྱོང་བྱེད་ཁྱོན་མུའུ་ཁྲི་6ལྷག་ཟིན་ཡོད། ལོ་14རིང་རིམ་རྩིས་བརྒྱབ་ན་འབྲུ་རིགས་རྒྱ་མ་དུང་ཕྱུར་3ལྷག་ཐོན་སྐྱེད་བྱས་ཡོད” ལོ་འདི་དག་རིང་། མཉམ་ལས་ཁང་གིས་གཞི་ཁྱོན་འོས་འཚམ་ངང་སོན་རིགས་སྤུས་ལེགས་བདམས་ནས་ཨ་ཤོམ་བཏབ་པར་སིང་ཕྱེ་དང་སྤྲི་དཀར་འདུས་ཚད་མཐོན་པོ་ཡོད་པ་ཉེ་འགྲམ་གྱི་གསོ་ཚགས་ཁེ་ལས་དག་ལ་བཙོངས་ནས་ཤ་རིགས་བཟའ་བཅའ་རུ་གཞན་སྒྱུར་བྱས་ཡོད། འབྲུ་རིགས་ལས་སྣོན་ཁེ་ལས་དག་གིས་སྣུམ་དང་སྤྲི་དཀར་མང་བའི་སྲན་ཆེན་དག་མངགས་ཐོའི་རྣམ་པའི་ཐོག་ནས་སྤུས་ཀ་ལེགས་པའི་སྲན་སྣུམ་དང་སྐྱེ་དངོས་སྤྲི་དཀར་དུ་གཞན་སྒྱུར་བྱེད་ཀྱི་ཡོད། ན་ནིང་། སོས་པར་ཟ་ཆོག་པའི་ཨ་ཤོམ་ཐོན་ལས་ལ་དམིགས་ནས་མཉམ་ལས་ཁང་གིས་བཟའ་བཅའ་ཀུང་སི་ཞིག་བཙུགས་ཐོག་མྱུར་འཁྱགས་ཐོན་སྐྱེད་བརྒྱུད་རིམ་དང་རླུང་མེད་ཐོན་སྐྱེད་བརྒྱུད་རིམ་བཟོས་ནས་ཐུམ་སྒྲིལ་མཉེན་པོའི་རིགས་ཀྱི་ཨ་ཤོམ་འབྲུ་གུའི་ལྕགས་ཀྲིན་སོགས་ཐོན་རྫས་གསར་པ་ཐོན་སྐྱེད་བྱས་ཡོད་ཅེས་ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་ཁེ་ཏུང་རྫོང་གི་འབྲུ་འདེབས་དུད་ཚང་ཆེན་པོའི་ཞིང་པ་ཙོའུ་ཏེ་ཧའེ་ཡིས་བཤད།

ཇི་ལྟར་བྱས་ནས་ཞིང་དུད་ཆུང་གྲས་ལ་འབྲུ་རིགས་ཀྱི་ཐོན་འབབ་མང་དུ་དང་སྤུས་ཚད་ལེགས་སུ་གཏོང་རོགས་བྱེད་དགོས་ཤེ་ན། ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་དབྱི་རྫོང་ཞིང་གྲོགས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཞུས་ཧའེ་པོ་ཡིས། དབྱི་རྫོང་ནི་དཔེ་མཚོན་ལྡན་པའི་རི་ཁུལ་གྱི་རྫོང་ཞིག་ཡིན་པས་ས་ཞིང་ཅུང་ཁ་ཐོར་དུ་གནས་ཡོད། ལོ་11རིང་། མཉམ་ལས་ཁང་གིས་དེང་རབས་ཅན་གྱི་ཞིང་ལས་ཞབས་ཞུ་ལྟེ་གནས་བཙུགས་ཐོག་ཞིང་དུད་ཆུང་གྲས་ཁག་གི་དགོས་མཁོར་དམིགས་ནས་དེའུ་འབུར་རི་ཁུལ་གྱི་འབྲུ་སྣུམ་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་སྒྱུར་བའི་ཐད་འཕྲད་པའི་དཀའ་གནད་ཐག་གཅོད་བྱས་པ་ཡིན། ཀྲུང་གོ་ཆུ་འབྲས་ཞིབ་འཇུག་སུའོ་ཡི་རོགས་རམ་འོག མཉམ་ལས་ཁང་ལ་སྒྲིག་ཆས་དང་། སྡེབ་སྦྱོར། འདེབས་གསོ་སོགས་ཀྱི་ལྷུ་ཚིགས་སུ་འདུས་གྲུབ་ལག་རྩལ་ལྡན་པ་དེ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་བརྒྱུད་ཞིང་དུད་ཆུང་གྲས་ཁག་གི་ཐོན་སྐྱེད་ལག་ལེན་ཁྲོད་བེད་སྤྱོད་ཐུབ་ནས་ཚན་རྩལ་ཞིང་འདེབས་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

འཛད་སྤྱོད་པས་བཟས་ན་བློ་བདེ་ཞིང་གཟུགས་པོ་བདེ་ཐང་ཡོང་བ་ནི་འཐུས་ཚབ་དེ་དག་གི་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གཙོ་གནད་ཅིག་རེད། “ང་ཚོས་སྐྱེ་ཁམས་རྒྱུན་འཁོར་རྣམ་པ་སྤྱོད་ཀྱི་ཡོད་པས་ང་ཚོའི་ཞིང་ར་ནི་སྐྱེ་ཁམས་འཁོར་འབྲེལ་ཆུང་ཆུང་ཞིག་དང་རྒྱུན་འཁོར་འཁོར་འབྲེལ་ཆུང་ཆུང་ཞིག་ཡིན། ཐོན་སྐྱེད་བརྒྱུད་རིམ་ཁྲོད། ང་ཚོས་ལྗང་མདོག་ཐོན་སྐྱེད་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱས་པས་ལྗང་མདོག་བཟའ་བཅའི་ཁས་ལེན་དཔང་ཡིག་མང་པོ་རག་ཡོད” ཞིང་རའི་ལྗང་མདོག་ཐོན་སྐྱེད་ཀྱི་འདུ་ཤེས་ཀྱིས་མཐའ་འཁོར་གྱི་འདེབས་གསོའི་དུད་ཚང་ཁག་ལ་ཡང་ཤུགས་རྐྱེན་ཐེབས་བཞིན་ཡོད་ཅེས་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་ཀོ་མུའུ་པུའུ་ཝང་ཤིང་ཏོག་སྐྱེ་དངོས་ཞིང་རའི་སྤྱི་ཁྱབ་ཅིང་ལི་ཧྭ་མེང་ལི་ཡིས་བཤད།

ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་སན་མོན་རྫོང་ཞིང་ལས་གྲོང་གསེབ་ཅུས་ཆུ་ཐོན་ལག་རྩལ་ཁྱབ་སྤེལ་ས་ཚིགས་ཀྱི་ཀྲན་ཀྲང་ཁྲེན་ལི་ཀྲི་ནི་གཞི་རིམ་གྱི་ཉ་གསོའི་ལག་རྩལ་པ་ཞིག་ཡིན། “ཚང་མས་བློ་བདེ་པོའི་ངང་སྡིག་སྲིན་ཟ་རྒྱུ་ཡོང་བར་བྱ་ཆེད། ང་ཚོས་གསོ་ཚགས་ནས་གསོལ་ཅོག་བར་གྱི་འཁོར་འབྲེལ་ཧྲིལ་པོའི་རྗེས་འདེད་མ་ལག་བཙུགས་པ་ཡིན”ཞེས་ཁོང་གིས་བཤད། ལས་ཀ་བྱས་ནས་ལོ་20སོང་རིང་། ཁྲེན་ལི་ཀྲི་ཡིས་རྫོང་ཡོངས་ཀྱི་གསོ་ཚགས་བྱེད་སའི་ཤང་དང་གྲོང་རྡལ་ཡོད་དོ་ཅོག་ལ་བསྐྱོད་དེ་གསོ་ཚགས་དུད་ཚང་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ལག་རྩལ་མཛུབ་ཁྲིད་བྱས་ཏེ“ཉ་ལ་བརྟེན་ནས་སྡིག་སྲིན་གསོ་བའི”སྲོལ་རྒྱུན་རྣམ་པར་འགྱུར་ལྡོག་བཏང་ཡོད། རྫོང་གིས་ད་དུང“འབྲུ་མཛོད་སྔོན་པོ”རྒྱ་སྐྱེད་ཧུར་ཐག་བཏང་བ་དང་། རྒྱལ་ཁབ་རིམ་པའི་རྒྱ་མཚོའི་ཉ་ར་བསྐྲུན་པ། ཆུ་གཏིང་དྲ་བསྐོར་གསོ་ཚགས་ཁྱབ་གདལ་བཏང་ཡོད། ད་ཆ་སན་མོན་རྫོང་ནི་རྒྱལ་ཁབ་རིམ་པའི་ཉ་ལས་བདེ་ཐང་གསོ་ཚགས་དཔེ་སྟོན་རྫོང་དུ་གྱུར་ཡོད།

ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཞིང་པའི་དངུལ་ཁུག་ལྗིད་ཏིག་ཏིག་བཟོ་རོགས་བྱས་པ།

ཇི་ལྟར་བྱས་ནས་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས་ཤེ་ན། “ང་ཚོས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེས་མཐའ་མའི་དམིགས་ཡུལ་ནི་ཡུལ་མི་ཚོར་ཕན་པ་ཐོབ་རྒྱུ་དེ་ཡིན”ཞེས་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ཡུས་ཏུའུ་རྫོང་ཙི་ཧྲན་གྲོང་རྡལ་ཐན་ཐོའུ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལིའུ་ལེན་ཡུན་གྱིས་བཤད། ལོ་འདི་དག་རིང་ཁོང་གིས་ཡུལ་མི་ཚོའི་སྣེ་ཁྲིད་ནས་གསར་བརྗེའི་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་སེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་། མཐའ་འཁོར་གྲོང་ཚོ་དང་མཉམ་འབྲེལ་ཐོག་སེ་ཕུན་སུམ་ཚོགས་པའི་སྔོ་ཚལ་ཐོན་ལས་གླིང་མུའུ་ཁྲི་དང་སེ་ཕུན་སུམ་ཚོགས་པའི་ཆུ་འབྲས་རྟེན་གཞི་མུའུ་སྟོང་བཙུགས་པ། མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པའི་ཐབས་ལམ་རྒྱ་སྐྱེད་བཏང་བ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་བསྐྲུན་ནས་ལོ་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་5000ལས་བརྒལ་ཡོད་པ་རེད།

ཙོའུ་ཏེ་ཧའེ་ཡི་འབྲུ་འདེབས་མཉམ་ལས་ཁང་ནས་ཞིང་དུད་ལ་ཕན་པ་མང་པོ་ཐོབ་ཅིང་། “ལོ་ལྟར་བཟའ་བཅའ་ལས་སྣོན་བཟོ་གྲྭར་དུས་ཚིགས་རང་བཞིན་གྱི་ལས་བཟོ་600ཡས་མས་ཡོད། མཉམ་ལས་ཁང་གིས་ས་བོན་རྒྱུད་སྤེལ་དང་། སོག་མ་ཕྱོགས་བསྡུས་བེད་སྤྱོད། འབྲུ་རིགས་བསྡུ་གསོག ཞིང་ལས་ཐོན་རྫས་ལས་སྣོན་བཅས་བྱས་པ་ལས་མཐའ་འཁོར་གྱི་ཞིང་དུད་ལ་ལོ་རེར་ཁྱོན་ཁེ་བཟང་སྒོར་ཁྲི་800ཡན་ཡོང་གི་ཡོད”ཅེས་ཙོའུ་ཏེ་ཧའེ་ཡིས་བཤད།

ཉ་གསོ་སྟངས་བསླབས་ནས་ཞིང་པ་གསར་པ་དེ་བས་མང་བས་གྲོང་གསེབ་ཏུ་རང་ནུས་འདོན་པར་སྐུལ་མ་བཏང་བ།

ཁྲེན་ལི་ཀྲིས། མཚོ་ཟས་སོས་པ་ཆུང་རིགས་ཀྱིས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཡག་པོ་བཏང་ནས། དཔེ་དེབ་ནང་འཁོད་པའི་ལག་རྩལ་གསར་པ་དག་ཡུལ་མི་ཚོའི་རྫིང་བུའི་ནང་གི་ཐོན་འབབ་བཟང་པོར་དངོས་གནས་སྒྱུར་དགོས་ན། ཚན་རྩལ་ཁྱབ་གདལ་དཔུང་ཁག་གི་སྣེ་ཡག་པོ་ཁྲིད་ནས་སྣ་མང་ཞིང་ལས་ལག་རྩལ་ཁྱབ་གདལ་སྟོབས་ཤུགས་ཀྱི་ནུས་པ་འདོན་དགོས་ལ། གསར་གཏོད་བྱེད་པོ་གསོ་སྐྱོང་བྱ་རྒྱུར་ཡང་དོ་སྣང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

95ནང་སྐྱེས་ཀྱི་ཞིང་པ་གསར་པ་ཧྭ་མོང་ལིའི་ངོས་ནས་བརྗོད་ན། འདི་ལོ་ནི་ཁོང་གྲོང་གསེབ་ཏུ་གཞི་ཚུགས་པའི་ལོ་བཅུ་པ་རེད། ལོ་10ཡི་རིང་ཁོང་གིས་སྐྱེ་ཁམས་རྒྱུན་འཁོར་ཞིང་ལས་ཀྱི་ལས་ཀ་ཧུར་ཐག་བྱས་ཤིང་། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་སྤེལ་བཏང་སྟེ་ཞིང་དུད་ཀྱི་སྣེ་ཁྲིད་ནས་ས་ཞིང་གི་རིན་ཐང་གཏིང་ཟབ་བསྔོགས་པ་དང་། རིམ་རྩིས་བརྒྱབ་ན་ཞིང་དུད་མི་ཐེངས་400ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཏེ། གཞོན་ནུ་67ཕ་ཡུལ་དུ་ལོག་ནས་ཞིང་ལས་གཉེར་རྒྱུའི་ཡིད་དབང་བཀུག་པ་རེད།

ཧྭ་མོང་ལི་ཡིས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དེས་གཞོན་ནུ་ཚོར་གོ་སྐབས་ཧ་ཅང་ཆེན་པོ་འཕྲད་ཡོད། “ང་ཚོས་རང་ཉིད་ཀྱི་བྱ་ཐབས་ཐོག་ནས་གཞོན་ནུ་དེ་བས་མང་བ་གྲོང་གསེབ་ཏུ་ཡོང་ནས་ཞིང་ལས་བྱེད་པ་དང་ཞིང་པར་ཞབས་འདེགས་ཞུ་རྒྱུའི་ཡིད་དབང་འགུག་བཞིན་ཡོད་ལ། མཉམ་དུ་གྲོང་གསེབ་ཏུ་རྩ་བ་ཚུགས་ནས་རེ་བས་ཕྱུག་པའི་ཞིང་ས་འདིར་མི་རྣམས་ལ་རེ་བ་སྦྱིན་མཁན་ཞིག་ཏུ་འགྱུར་རྒྱུའི་རེ་བའང་ཡོད”ཅེས་བཤད།

(དམ་ཆོས་མི་ཕམ་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)