འདི་ག་ཚགས་པར་ཁང་དུ་ཀུའེ་དབྱང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀུའེ་ཀྲོའུ་ཞིང་ཆེན་དམངས་སྲིད་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་བཅས་ཀྱིས་མཉམ་དུ《ཀུའེ་ཀྲོའུ་ཞིང་ཆེན་གྱི་2025ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་དང་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གསོ་སྐྱོང་ཚད་གཞི་མཐོ་རུ་གཏོང་རྒྱུའི་ཇུས་གཞི》བཀྲམ་ནས། ས་ཁོངས་དང་རིམ་པ་མུ་མཐུད་ཕྱེ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ཟམ་མི་ཆད་པར་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཚད་གཞི་དེ་ཟླ་རེར་སྒོར་801བར་མཐོ་རུ་བཏང་ནས་འཕར་ཚད་3%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་རིམ་པ་གསུམ་དུ་ཕྱེ་བ་སྟེ། རིམ་པ་དང་པོར་ཟླ་རེར་སྒོར་851ཡིན་ཞིང་། ཀུའེ་དབྱང་གྲོང་ཁྱེར་དང་ཀུའེ་ཨན་ཁུལ་གསར་ཡིན་པ་དང་། རིམ་པ་གཉིས་པར་ཟླ་རེར་སྒོར་832ཡིན་ཞིང་། ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་ཁུལ་ཁག(གྲོང་ཁྱེར་དང་། དམིགས་བསལ་ཁུལ)དང་། མ་ཅང་རྫོང་དང་དེ་མིན་གྱི་གྲོང་ཁྱེར(ཀྲོའུ)ཁག་གི་རྫོང་རིམ་པའི་གྲོང་ཁྱེར(ཆུས)དང་། གྲོང་ཁྱེར(ཀྲོའུ)གནས་སའི་ཉེ་འཁོར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་ཡིན་པ། རིམ་པ་གསུམ་པར་ཟླ་རེར་སྒོར་779ཡིན་ཞིང་། དེ་བྱིངས་ཀྱི་རྫོང་ཁག་ཡིན།
ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཆུ་ཚད་ལོར་སྒོར་7226བར་མང་དུ་བཏང་ནས་འཕར་ཚད་6%ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་རིམ་པ་གཉིས་སུ་ཕྱེ་བ་སྟེ། རིམ་པ་དང་པོར་ལོ་རེར་སྒོར་7260ཡིན་ཞིང་། ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་ཁུལ་ཁག(གྲོང་ཁྱེར་དང་། དམིགས་བསལ་ཁུལ)དང་། མ་ཅང་རྫོང་དང་དེ་མིན་གྱི་གྲོང་ཁྱེར(ཀྲོའུ)ཁག་གི་རྫོང་རིམ་པའི་གྲོང་ཁྱེར(ཆུས)དང་། གྲོང་ཁྱེར(ཀྲོའུ)གནས་སའི་ཉེ་འཁོར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་ཡིན། རིམ་པ་གཉིས་པར་ལོ་རེར་སྒོར་7212ཡིན་ཞིང་། དེ་བྱིངས་ཀྱི་རྫོང་ཁག་ཡིན།
ད་དུང་ཇུས་གཞིའི་ནང་། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གསོ་སྐྱོང་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་པའི་ནང་། ཞིང་ཆེན་ཡོངས་ཀྱི་དྭ་ཕྲུག་གཅིག་སྡུད་གསོ་སྐྱོང་གི་གཞི་རྩའི་འཚོ་བའི་མ་མཐའི་ཚད་གཞི་ཟླ་རེར་སྒོར་1900ནས་ཟླ་རེར་སྒོར་2000བར་མང་དུ་གཏོང་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཁ་ཐོར་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་མ་མཐའི་གསོ་སྐྱོང་ཚད་གཞི་ཟླ་རེར་སྒོར་1400ནས་ཟླ་རེར་སྒོར་1500བར་མང་དུ་གཏོང་རྒྱུ་ཡིན་པ་གསལ་པོར་བསྟན་ཡོད།
(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)