《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月12日

ཧུའུ་ནན་གྱིས་རིག་གནས་དང་ཚན་རྩལ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཆི་ཆང་། ཡན་ཁེ། སུན་ཁྲའོ།

པར་ཆས་96སྐོར་ནས་བཞག་སྟེ་པར་ལེན་པ་དང་རིག་ནུས་རྩིས་རྒྱག་ལ་བརྟེན་ནས་དཔེ་དབྱིབས་བཟོ་བ་སོགས། ཧུའུ་ནན་མང་ཀོ་གྲངས་རིག་སྒྱུ་རྩལ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་ཧྲང་རྒྱལ་རབས་ཀྱི་ཕག་དབྱིབས་ཟངས་ཀྱི་ཆང་སྣོད་ཅིག་ཚད་གཞི་མཐོ་བའི་ཚད་གསུམ་འབུར་གཟུགས་སུ་བསྒྱུར་བར་སྐར་མ་10ཡས་མས་ལས་འགོར་གྱི་མེད།

སྲོལ་རྒྱུན་ལག་རྩལ་སྤྱད་ན་གྲངས་གཞི་འཚོལ་བསྡུ་བྱེད་པར་དུས་ཚོད་རིང་བ་དང་མ་གནས་མཐོ་པོ་ཡོད། འོན་ཀྱང་མང་ཀོ་གྲངས་རིག་གིས་རང་རྟེན་ཞིབ་སྤེལ་བྱས་པའི་རྩིས་རྒྱག་ལ་བརྟེན་ན་འཚོལ་བསྡུ་བྱེད་པའི་ལས་ཆོད་ལྡབ་10མཐོ་རུ་ཕྱིན་ནས་མ་གནས་80%ཆག་གི་ཡོད་པ་རེད། ཀུང་སིས་བཟོས་པའི་གྲངས་འཛིན་རིག་གནས་དངོས་མང་ལས་སྟེགས“རི་ཆུ”ཞེས་པའི་ཉེར་སྤྱོད་བྱ་རིམ་བཏོན་ནས་ཟླ་7སོང་རིང་རྩ་ཆེའི་རིག་དངོས་ཁྲི་2.7གྲངས་འཛིན་ཅན་གྱི་འཚོལ་བསྡུ་ལེགས་གྲུབ་བྱུང་བ་དང་། ད་ཆ་སྤྱོད་མཁན་ཁྲི་3000ཙམ་གྱི“ཆུ་ཚོད་24ཡི་དྲ་ཐོག་རྟེན་མཛོད་ཁང”དུ་གྱུར་ནས་རིག་གནས་ཤུལ་བཞག་དེ“ལྟ་ཆོག་པ་དང་། ཉོ་ཚོང་ཆོག་པ། སྤེལ་རེས་ཆོག་པ། གསར་སྤེལ་ཆོག་པ”བཅས་ཀྱི་གྲངས་འཛིན་རྒྱུ་ནོར་དུ་གྱུར་ཡོད།

2024ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས། “རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་བྱས་ཏེ། རིག་གནས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་པོ་བཏང་ནས། རིག་གནས་ཐོན་ལས་ཀྱི་འཕར་གཞི་གསར་པ་དེ་བས་མང་བ་ཆགས་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

དོན་དངོས་ལ་གཞི་ཚུགས་པ་དང་གཞུང་འཁྱོངས་གསར་འབྱེད་བྱ་ཆེད། ཧུའུ་ནན་གྱིས་ཧུའུ་ནན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཚན་རྩལ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད།

ཁྲང་ཧྲ་གྲོང་ཁྱེར་ཆིང་ཀྲུའུ་ཧུའུ་ཤང་དབྱི་ཕྱི་སྐད་སློབ་གྲྭར“རིག་ལྡན་ལུས་རྩལ་ཐང”གི་ཚན་རྩལ་གྱི་རྣམ་པ་ངོ་མཚར་ཧ་ཅང་ཆེ་བ་སྟེ། དཔར་མིག་གིས་སློབ་མའི་འགུལ་སྟངས་གནད་ལ་འཁེལ་བའི་སྒོ་ནས་བཟུང་སྟེ་དབྱེ་ཞིབ་བྱེད་པ་དང་། མཐོང་ཚོར་མ་ལག་གིས་རང་འགུལ་ངང་ཤན་འབྱེད་དང་ཨང་རིམ་མགྱོགས་མྱུར་སྒྲིག་ཐུབ་པས། ལུས་རྩལ་སློབ་ཁྲིད་བྱེད་སྐབས“མཐོང་ཐུབ་པ་དང་། དོ་དམ་ཐུབ་པ། ཚོད་འཛིན་ཐུབ་པ། ཚད་འཇལ་ཐུབ་པ”བཅས་ཡོད། ཧུའུ་ནན་དཔེ་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཧོ་ལི་ཧུའེ་ཡིས། “གྲངས་རིག་གིས་སློབ་གསོར་མཐུན་རྐྱེན་སྦྱར་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ་མ་ཟད། སློབ་གསོ་གྲངས་འཛིན་ཅན་གྱི་གནམ་ས་གསར་པ་ཡང་ཕྱེ་ཡོད”ཅེས་བཤད།

ཧུའུ་ནན་གྱིས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་། གསར་འགྱུར་དཔེ་སྐྲུན། ཆ་འཕྲིན་ལག་རྩལ་སོགས་དགེ་མཚན་ལྡན་པའི་ཐོན་ལས་ལ་གཞི་ཚུགས་ནས། སྒྲ་བརྙན་དང་གྲངས་འཛིན་རིག་གནས་དངོས་མང་སོགས་ཀྱི་འགྲན་ལམ་ལ་དོ་སྣང་ཆེན་པོ་བྱས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་ཡོད། 2024ལོར། ཧུའུ་ནན་ཞིང་ཆེན་གྱི་སྒྲ་བརྙན་ཐོན་ལས་ཚོ་འདུས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2827.6ལས་བརྒལ་ཏེ་དུས་མཚུངས་ལས་9.7%འཕར་ཡོད།

རིག་གནས་དང་ཚན་རྩལ་མཉམ་འདྲེས་ནི་མ་གཞི་ནས་སྒྱུར་བཅོས་གསར་གཏོད་ཅིག་ཡིན། སྒྱུར་བཅོས་ཀྱི་བསམ་གཞིག་དང་བྱེད་ཐབས་ལ་བརྟེན་ནས་བཀག་རྒྱ་གཏོར་བ་དང་། ངར་ཤུགས་འཕེལ་བ། འགན་སྲུང་བརྟན་གཏོང་བཅས་བྱ་ཆེད། ཧུའུ་ནན་གྱིས་རིག་གནས་དང་ཚན་རྩལ“གཉིས་ཀར་གཞོལ་བའི”ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་བྱས་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

འཆར་གཞི་གསར་པ་བཀོད་ཅིང་། རིག་གནས་དང་ཚན་རྩལ་མཉམ་འདྲེས་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྒྱུར་བཅོས་དོན་ཚན་ནང་བཅུག་པ་དང་། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས“ཙུའུ་ཀྲང་གཉིས”ཀྱི་འགན་འཁུར་བའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་པུའུ་དང་ཞིང་ཆེན་གྱི་མཉམ་འགུལ་ལམ་སྲོལ་བཙུགས་པ་རེད། ཧུའུ་ནན་གྱིས་འཆར་གཞི་ཚན་རིག་དང་མཐུན་པ་བཀོད་དེ“ལས་རིམ་གསལ་འགོད”ལ་བརྟེན་ནས་ཆེད་གཉེར་འཛིན་གྲྭར་སྐུལ་འདེད་བཏང་ཡོད།

ལས་སྟེགས་གསར་པ་བཙུགས་ཤིང་། ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་དང་། ཞིང་ཆེན་དང་པུའུ་ཡིས་མཉམ་འཛུགས། སློབ་གྲྭ་དང་ཁེ་ལས་མཉམ་ལས་བཅས་བྱས་ཡོད། ཧུའུ་ནན་གྱིས་ཐབས་ལམ་མང་པོ་ནས་ཞིབ་སྤེལ་ཉེར་སྤྱོད་ལས་སྟེགས་གསར་པ་བཀོད་སྒྲིག་དང་ལག་རྩལ་མཐུན་སྦྱོར་འགག་སྒྲོལ་བྱས་ཏེ། GPUདང་། 4K/8Kཡི་རབ་གསལ་བརྙན་ཐུང་ཨང་དཀྲོལ་ཉིང་ལྷེབ། སྒྲ་བརྙན་གྱི་བརྒྱུད་ལམ་སྣེ་མང་གི་འཕྱང་རིགས་དཔེ་དབྱིབས་ཆེན་པོ་སོགས་ཞིབ་སྤེལ་བྱས་ནས། ལག་རྩལ་གྱི་ཚད་བརྒལ་གསར་པ་མངོན་འགྱུར་བྱས་ཏེ་སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཡོད།

ཁོར་ཡུག་གསར་པ་གཅིག་བསྡུས་བྱས་ཤིང་། ཆེད་དོན་མ་དངུལ་དང་ཐོན་ལས་ཁྲིད་སྟོན་གྱི་ཐེབས་རྩ་ཨ་མ་བཙུགས་པ་དང་། “སྲིད་འཛིན་དང་། ཁྲིམས་འཛིན། ལག་རྩལ”བཅས་ཟུང་དུ་འབྲེལ་བའི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་འཁོར་འབྲེལ་ཧྲིལ་པོ་སོགས་བཙུགས་པ་རེད། མ་ལན་ཧྲན(ཁྲང་ཧྲ)བརྙན་ལམ་རིག་གནས་གསར་གཏོད་ཐོན་ལས་གླིང་དུ་མིག་སྔར་ཁྲོམ་འདོན་ཀུང་སི་གཙོ་བོ་5བསྡུ་རུབ་བྱས་ནས། རིག་གནས་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་ཁེ་ལས་4000ལྷག་ཙམ་ལ་སྐུལ་ཁྲིད་བྱས་ཡོད། “རིག་གནས་ཁེ་ལས་ཀྱིས་ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་པ་དང་ཚན་རྩལ་ཁེ་ལས་ཀྱིས་རིག་གནས་ཀྱི་རྣམ་པར་བརྟེན་བཞིན་ཡོད། ང་ཚོའི་ལས་འགན་ནི་སྦྲེལ་ཟམ་ཡག་པོ་བྱས་ནས་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུ་དེ་རེད”ཅེས་གླིང་ཁུལ་གྱི་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཙེང་ཞུང་གིས་བཤད།

“ང་ཚོས་ཧུའུ་ནན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཚན་རྩལ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ‘མཐོ་གསུམ་གསར་བཞིའི’མཛེས་སྡུག་ལྡན་པའི་འཆར་གཞི་མགྱོགས་མྱུར་མངོན་འགྱུར་ཐུབ་པ་དང་། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་ནན་གྱི་ལེའུ་རྩོམ་པར་འདེགས་སྐྱོར་ནུས་ལྡན་བྱེད་ཀྱི་ཡིན”ཞེས་ཧུའུ་ནན་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཞའོ་མིང་གིས་བཤད།

(བདེ་དབང་གིས་བསྒྱུར། པ་ཕན་གྱིས་ཞུས)