ཀྲུང་ཨུ་རྒྱལ་ཁབ་གཉིས་པོར་དུས་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ལྡན། མི་ཆོས་རིག་གནས་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཕན་ཚུན་བརྗོད་དོན་གཙོ་བོའི་ལོའི་བྱེད་སྒོ་སྤེལ་བ་ནི་ཀྲུང་ཨུའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཞིག་ཀྱང་ཡིན་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དགའ་བསུ་ཡོངས་ཁྱབ་ཐོབ་ཡོད། 2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་2024ལོ་ནས་2025ལོ་བར་གྱི“ཀྲུང་ཨུའི་རིག་གནས་ལོ”སྤེལ་རྒྱུའི་གྲོས་ཐག་བཅད་ཡོད། ན་ནིང་ཟླ་5པར“ཀྲུང་ཨུའི་རིག་གནས་ལོ”འགོ་ཚུགས་ཚུན་ཕྱོགས་གཉིས་པོས་མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དང་། དམངས་སེམས་སྦྲེལ་བ། སྤྲོ་སེམས་ལྡན་པ་བཅས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་རིག་གནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་མངོན་པར་བྱས་ནས། ཀྲུང་ཨུའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་འཆམ་མཐུན་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད།