འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕ་རི་སི་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། སའེ་ནཱ་གཙང་པོའི་ངོགས་ཀྱི་ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ཀྲུང་ཧྥའི་སྙན་ངག་གི་མཉམ་དཀྲོལ་ཉམས་འགྱུར་རབ་ཏུ་མངོན། ཧྥ་རན་སེར་བྱེས་ཞུགས་བྱས་པའི་སི་རི་ཡའི་སྙན་ངག་པ་ཨ་ཏོ་ཉི་སིས་ཨ་རབ་སྐད་ཀྱི་ཐོག་ནས་ཀྲུང་གོའི་སྙན་ངག་པ་ཀྲའོ་ལི་ཧུང་གི་སྙན་ངག《རིམ་བརྩེགས》ཞེས་པ་སྐད་གསང་མཐོན་པོས་གྱེར་ཀློག་བྱས་ཤིང་། གྱེར་ཀློག་པའི་ཉམས་འགྱུར་གྱིས་ཕྱུག་པའི་སྐད་ངག་ཁྲོད་ལྟད་མོ་བས་སྙན་ངག་ནང་བྲིས་པའི་རྨི་ལམ་ལ་མྱོང་རོལ་བྱེད་བཞིན་ཡོད།
ཉིན་ཤས་གོང“སྙན་ངག་གི་ལམ་འཕྲད—‘ཀྲུང་གོའི་སྐོར་གླེང་བ’ཞེས་པའི་ཀྲུང་ཧྥའི་སྙན་ངག་འདུ་ཚོགས་དང‘རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོའི’བརྗོད་དོན་གཙོ་བོའི་བྱེད་སྒོ”ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་སྙན་ངག་གི་སྤེལ་རེས་ཐད་ནས། ཀྲུང་ཧྥའི་རིག་གནས་ཕན་ཚུན་རྒྱུས་མངའ་ལོན་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་གསོན་ཤུགས་སྣོན་རྒྱུ་དེ་རེད།
ཧྥ་རན་སེའི་རྩོམ་པ་པོ་དང་དཔེ་སྐྲུན་མཁས་ཅན་སོ་ཉི་ཡཱ·པུའུ་ལེ་སི་ལེས་ཀྲུང་གོའི་གནའ་རབས་སྙན་ངག་ལ་ཧ་ཅང་དགའ་པོ་བྱེད་པ་དང་། ལི་པའེ་དང་ཏུའུ་ཧྥུའུ་སོགས་སྙན་ངག་མཁས་པའི་བརྩམས་ཆོས་གྱེར་ཀློག་ལ་བྱང་ཆུབ་པ་ཞིག་ཡོད། ཁོང་གིས་ཀྲའོ་ལི་ཧུང་གི་སྙན་ངག་གིས་དུས་ཚོད་དང་བར་སྟོང་གཞི་གཅིག་ཏུ་འདྲེས་ཡོད་པས་ང་ཚོར་སྙན་ངག་གི་སྙིང་སྟོབས་གནའ་དེང་གཉིས་ཀར་མཐུད་ཐུབ་པའི་མྱོང་ཚོར་བྱུང་ཞེས་བརྗོད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན(ཚོགས་པ)ཚད་ཡོད་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་མོང་གིས“ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀར་གཏིང་ཟབ་ལ་ཡུན་རིང་གི་སྙན་ངག་རིག་གནས་དང་རྩོམ་རིག་གི་སྲོལ་རྒྱུན་ལྡན་ཡོད། ལི་པའེ་དང་ཏུའུ་ཧྥུའུ་ནས་ཧྥ་རན་སིའི་རྩོམ་པ་པོ་ཡུས་གོ་དང་སྙན་ངག་པ་པོའོ་ཏེ་ལའེ་ཨེར་བར་སྙན་ངག་པ་ཚོས་ཡི་གེའི་ལམ་ནས་དུས་རབས་མཚོན་པར་བྱས་པ་དང་སྙན་ངག་གི་ནང་དོན་ལ་བརྟེན་ནས་འབྲེལ་གཏུག་གི་ཟམ་པ་བསྐྲུན་ཡོད། ད་ཐེངས་ཀྱི་བྱེད་སྒོ་ནི་རྩོམ་རིག་གི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད། དེ་བས་ཀྱང་སེམས་ཁམས་རྒྱུས་ལོན་དང་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ཤིག་ཀྱང་རེད”ཅེས་བརྗོད་པ་རེད།