ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི——ཁ་ནེར་གྱིས། ཁུ་པ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་མྱོང་བ་དང་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ད་ཆ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད་ཅེས་བརྗོད་པ་རེད།
ཁུ་པ་རྒྱལ་སྤྱིའི་ཡུལ་སྐོར་དངོས་མང་སྟོན་ཚོགས་སྐབས་ཞེ་གསུམ་པའི་ཀྲུང་གོའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་ལ་ལྟ་སྐོར་གནང་རྗེས། ཏི་ཡ་སི——ཁ་ནེར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ལོ་65ཡི་རིང་ཁུ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་ཁག་ཏུ་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པའི་མཉམ་ལས་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཇུས་འགོད་ཞིབ་ཚགས་བྱས་པའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་བརྒྱུད་ཁུ་པའི་དམངས་ཚོགས་ལ་ཀྲུང་གོའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་འགྲེམས་སྟོན་བྱས་ཡོད། ཏི་ཡ་སི——ཁ་ནེར་གྱིས་གཙོ་མགྲོན་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་གོས་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་ཀྲུང་གོའི་འགྲེམས་ཁང“ཁང་བཟང་སྐར་ཚོགས་ལྟར་བཀྲ་བ་ལས་ཀྲུང་གོའི་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད”ཅེས་བསྔགས་བརྗོད་གནང་ཡོད། ཁོང་གིས། ཁུ་པས་ཀྲུང་གོའི་རིག་གནས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཁུ་པར་ཡུལ་སྐོར་དུ་ཡོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
(ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)