ཟླ་3ཚེས་10ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པས་གྲོས་རིམ་ཁག་ལེགས་སྒྲུབ་བྱས་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།
དེ་ནི་བློ་གྲོས་གཅིག་སྡུད་དང་ཇུས་བཟང་མཉམ་འདོན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད་ལ། སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་རབ་ཏུ་ཕྱུག་པའི་བསམ་པའི་ཉམས་འགྱུར་གྱི་ཐོག་ནས་སྲིད་དོན་ཇུས་འབུལ་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་དམིགས་པ། བརྟག་ཞིབ་གཏིང་ཟབ་བྱེད་པ། ཐབས་དང་ཇུས་ཧུར་ཐག་འདོན་པ་བཅས་བྱས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་འཁུར་ཕོད་པ། བྱས་རྗེས་འཇོག་པ་བཅས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ཉམས་བཟང་མངོན་པ་མ་ཟད། ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ནས། གྲོས་མོལ་དམངས་གཙོའི་ཁྱད་ཆོས་དང་། ལེགས་ཆ། སྐྱེ་སྟོབས་ཀྱི་གསོན་ཤུགས་བཅས་གང་ལེགས་མངོན་ཡོད།