《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月23日

སློབ་གསོ་པུའུ་ཡིས་2025ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་བཀོད་སྒྲིག་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་21ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། 2025ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་ཆེད། ཉེ་དུས་སློབ་གསོ་པུའུ་ཡིས་བརྡ་ཐོ་བཏང་ནས་མཐོ་རྒྱུགས་ཀྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་དོ་དམ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་རྒྱུགས་ལེན་སློབ་བསྡུའི་ལས་དོན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། སློབ་བསྡུའི་འཆར་གཞིའི་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ་སྤུས་ལེགས་ཀྱི་དངོས་གཞིའི་ཚན་ཁག་རྒྱ་ཆེར་གཏོང་བའི་ལས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས། ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ། མཐོ་སློབ་ཀྱི་སློབ་གཉེར་སྤུས་ཚད་དང་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། རིག་ཚན་ཆེད་ལས་བཀོད་སྒྲིག་དང་སློབ་བསྡུའི་འཆར་གཞིའི་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་དགོས།

བརྡ་ཐོའི་ནང་ཁ་གསལ་བྱས་དོན། ས་གནས་ཁག་གིས་ཆ་རྐྱེན་དང་འཚམ་པའི་མཉམ་སྤོས་བུ་ཕྲུག་འགྲོ་ཡུལ་དུ་མཐོ་རྒྱུགས་ལ་ཞུགས་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་དང་དེ་བཞིན་སྡོད་གནས་ལག་ཁྱེར་ལམ་ལུགས་ལག་བསྟར་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཐེམ་ཐོ་ཞིང་ཆེན་དེ་ག་ནས་མིན་པའི་ལས་ཞུགས་མི་སྣའི་མཉམ་སྤོས་བུ་ཕྲུག་གི་རྒྱུགས་སྤྲོད་མིང་འགོད་གོ་རིམ་དང་དཔྱད་གཞི་སྔར་བས་སྟབས་བདེ་རུ་བཏང་ནས་རྒྱུགས་སྤྲོད་སློབ་མར་སྟབས་བདེ་སྐྲུན་དགོས། “མཐོ་རྒྱུགས་ཐེམ་སྒྱུར་བར”རྡུང་རྡེག་ནན་པོ་གཏོང་བ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་འགན་འཁྲི་ནན་དུ་གཏོང་བ། སློབ་ཐེམ་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་སློབ་ཐེམ་སྟོང་པ་དང་། མི་དང་ཐེམ་ཐོ་ལོགས་དགར་ཡིན་པ། སློབ་ཐེམ་རྫུན་མ་སོགས་ཀྱི་སྒྲིག་འགལ་གནས་ཚུལ་ལ་ཞིབ་བཤེར་ནན་པོ་བྱེད་དགོས།

གཞན་ཡང་རྒྱུགས་ལེན་སློབ་བསྡུའི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་ཤིང་། མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་སྒྱུར་བཅོས་ཞིང་ཆེན་ཁག་ཐེངས་ལྔ་པའི་མཐོ་རྒྱུགས་གསར་པ་ལག་ལེན་བསྟར་བའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། རྩེར་སོན་གསར་གཏོད་ཤེས་ལྡན་པ་འདེམས་སྒྲུག་དང་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྨང་གཞི་བརྟན་གཏོང་གི་འཆར་གཞི་དང་། ལོ་ཆུང་འཛིན་གྲྭ ཤེས་ལྡན་པའི་ཕུལ་བྱུང་འཛིན་གྲྭ འོས་སྐྱེལ་སློབ་མ་སོགས་རྩེར་སོན་གསར་གཏོད་ཤེས་ལྡན་པ་སྣ་ཚོགས་འདེམས་གསོ་ཚོད་ལྟའི་རྣམ་གྲངས་སྤྱི་འདོམས་ལག་བསྟར་བྱེད་པ། འདེམས་སྒྲུག་དང་། གསོ་སྐྱོང་། གདེང་འཇོག་བཅས་གཞི་གཅིག་ཅན་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། འབྲེལ་ཡོད་མཐོ་སློབ་ཀྱིས་དཔྱད་ཞིབ་གདེང་འཇོག་བྱེད་ཐབས་སྔར་བས་ལེགས་སུ་གཏོང་བ་དང་། ཕྱོགས་མང་གདེང་འཇོག་བྱེད་སྟངས་འཚོལ་ཞིབ་བྱས་ནས་སྤྱོད་པ། གསར་གཏོད་ཀྱི་མངོན་མེད་ནུས་པ་ལྡན་པའི་ཕུལ་བྱུང་སློབ་མ་འདེམས་པ་བཅས་བྱེད་དགོས། རྩེར་སོན་གསར་གཏོད་ཤེས་ལྡན་པའི་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ཐོན་ཁུངས་སྤྱི་འདོམས་དང་སྡེ་ཚན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གསོ་སྐྱོང་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།