《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月21日

འཐུས་མི་ཀྲའོ་མིང་ཀྲི་ཡིས་གསུངས་དོན།

སེམས་ནང་མང་ཚོགས་བཅངས་ནས་འགན་འཁྲི་ཧུར་ཐག་སྒྲུབ་དགོས།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཧུང་ཁྲའོ།

“ཆམ་པའི་སྨན་དེ་སྤོ་བོ་ཀྲང་ལགས་ལ་འབུལ་རྒྱུ་ཡིན། འདི་ནི་ཨ་མ་ཝུའུ་ལགས་ཀྱི་ཆུ་རིན་དང་གློག་རིན་གྱི་འཛིན་ཤོག་རེད” ཟླ་2ཚེས་17ཉིན་གྱི་ཞོགས་པ། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ལེའོ་ཉིང་ཞིང་ཆེན་ཏ་ལན་གྲོང་ཁྱེར་ཀྲུང་ཧྲན་ཆུས་བསྐུར་སྐྱེལ་ལས་དོན་པུའུ་ཧྲེང་ལིས་ཆའོ་སྦྲག་བསྐུར་པུའུ་རུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲའོ་མིང་ཀྲི་ཡིས་ཚགས་པར་དང་འཕྲིན་ཡིག་འབོར་ཆེན་ཞིག་ལེགས་སྒྲིག་བྱས་རྗེས། སྡེ་ཁུལ་གྱི་རྒན་རྒོན་ཚོར་སྤྲོད་པའི་དངོས་པོ་སྣ་ཚོགས་ལ་ཞིབ་བཤེར་ཞིབ་ཕྲ་ཐེངས་གཅིག་བྱས་པ་རེད། དེ་རྗེས་ཁོང་གིས་ཁ་དཀྲིས་མཐུག་པོ་ཞིག་དཀྲིས་པ་དང་ཞྭ་མོ་གྱོན་ནས་གློག་སྒུལ་སྦག་སྦག་བཞོན་ཏེ་དྲོད་ཚད་ཨང་གྲངས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ལྷག་ཙམ་ལ་ཞོགས་པའི་ཁྲོམ་གཞུང་དང་སྲང་ལམ་གང་སར་བསྐྱོད།

“དུད་ཚང་མི་རེ་ངོ་རེར་སླེབས་རིམ་བཞིན་ཁོང་ཚོ་དང་ཁ་བརྡ་གློད་འདོད་འདུག ཁྱིམ་མཚེས་ཀྱི་དོན་དག་ཆུང་ཙག་ནས་ཁོང་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཚང་མར་ངས་རོགས་རམ་བྱེད་ཐུབ་ན་བསམ་གྱི་འདུག” བསྐུར་སྐྱེལ་བ་ཀྲའོ་མིང་ཀྲི་ཡིས་ལས་འགན་འཁུར་བའི་ས་ཁོངས་ནི་ཏ་ལན་མེ་འཁོར་བབས་ཚུགས་དང་ཐག་ཉེ་བའི་ཁྲོམ་གཞུང་30ལྷག་ཙམ་དང་གྲོང་མི་ཁྲི་3ལྷག་ཙམ་ཡོད། ལས་ཀ་བྱས་ནས་ལོ་30ཙམ་རིང་། ཁོང་གིས་དེ་གར་རྒྱུས་མངའ་ཆེན་པོ་ཡོད་པ་དེ་ཁོང་གིས་ལས་འགན་སྒྲུབ་པའི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། 2024ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་སུ་ཀྲའོ་མིང་ཀྲི་ཡིས་གྲོས་འགོ་ཁག་7ཕུལ་ཡོད། “གྲོས་འགོ་དེ་དག་ཚང་མ་ངས་བསྐུར་སྐྱེལ་བྱེད་རིང་བསྡུ་རུབ་བྱས་པ་ཡིན”ཚང་མས་གླེང་མང་བའི་གནད་དོན་འཕྲད་སྐབས་ཁོང་གིས་རྒྱུན་དུ་ནན་ཏན་ངང་ཟིན་བྲིས་རྒྱག་གི་ཡོད། དཔེར་ན། དངུལ་ཁང་དང་། འགྲིམ་འགྲུལ། སྨན་བཅོས་ཡོ་ཆས་སོགས་རྒན་འཕྲོད་ཅན་གྱི་གྲངས་འཛིན་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་ནི་ཀྲའོ་མིང་ཀྲི་ཡིས་རྒན་རྒོན་མི་ཉུང་བ་ཞིག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་གྲངས་འཛིན་ཅན་དང་འཚམ་དཀའ་བ་མཐོང་རྗེས། བརྟག་དཔྱད་ཞིབ་འཇུག་དང་བཅར་འདྲི་བྱས་པ་བརྒྱུད་བཏོན་པ་ཞིག་ཡིན་པས་འབྲེལ་ཡོད་སྡེ་ཚན་གྱི་ཚུར་ལན་ཐོབ་ཡོད།

ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་སུ་ཀྲའོ་མིང་ཀྲི་ཡིས་རྒན་རྒོན་གྱི་ཁྱིམ་དུ་སྐྱོད་ནས་རོགས་རམ་བྱེད་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་གཙོ་གནད་གྲོས་འགོར་བརྩི་རྩིས་ཡོད། ཀྲའོ་མིང་ཀྲི་ཡིས“རྒན་རྒོན་གྱི་ཁྱིམ་དུ་སྐྱོད་ནས་རོགས་རམ་བྱེད་པར་སྡེ་ཁུལ་དང་གྲོང་ཚོས་འབྲེལ་ཐག་རྣམ་པའི་ཐོག་ནས་རྒན་རྒོན་དང་ཞབས་ཞུ་བ་འབྲེལ་མཐུད་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཀྱང་ལམ་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་བཏང་ནས་མི་དེ་བས་མང་བ་ལས་རིགས་དེའི་ནང་ཞུཌ་རྒྱུའི་ཡིད་དབང་འགུག་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།