ཞོགས་པའི་ཆུ་ཚོད་10པ་ཙམ་ལ། མེ་འཁོར་གྱི་མྱུར་ཚད་དལ་གཏོང་གི་དུང་བརྡའི་སྒྲ་དང་ལྷན་དུ། མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་ཐོག་ཐོན་གཙང་པོའི་འབབ་ཚུགས་སུ་འཁྲུག་ཆ་དོད་དུ་ཕྱིན། མི་ཚོགས་ཀྱི་ཁྲོད་དུ། ལས་གོས་སེར་པོ་གྱོན་པའི་མི་གཉིས་ཧ་ཅང་མངོན་གསལ་དོད་པོ་ཡོད། མེ་འཁོར་ནས་བབས་མ་ཐག མི་དེ་གཉིས་ཐད་ཀར་སྤྱི་ལེ་3གྱི་སར་གནས་པའི་ཞིབ་བཤེར་ས་ཚིགས་སུ་བསྐྱོད།
ཁོང་ཚོ་ནི་ཀྲུང་གོ་ལན་ཐུང་གོར་མོ་ཡན་ལག་ཀུང་སིའི་སྐོར་ཞིབ་མི་སྣ་ཡིན་ཞིང་། མི་དེ་གཉིས་ཁྲོད་ཀྱི་གཞོན་པ་དེར་ཕུའུ་ཡན་ཀྲེན་ཞེས་འབོད་པ་དང་། རང་ཉིད་ལས་ལོ་8ཀྱིས་ཆེ་བའི་ཁང་ཐན་ཀྲུའུ་དང་མཉམ་ལས་བྱས་ནས་ལོ་3སོང་ཟིན། “གྲབས་སྤྱོད་བྱ་རྒྱུའི་གློག་སྐུད་འདི་མར་ཕོབ་དང་། ངས་གློག་སྐུད་ཆད་སའི་གནས་དེ་གང་དུ་ཡོད་མིན་བཙལ་ཡོང” འོད་སྐུད་ས་འོག་ཏུ་སྦས་ཡོད་པ་དང་ཁང་ཐན་ཀྲུའུ་ཡིས་ལྕགས་ཁྱེམ་གྱིས་ཡུན་རིང་བསྔོགས་པས། སྐྱོན་ཤོར་བའི་འོད་སྐུད་དེ་ས་ངོས་སུ་ཐོན། དེ་རྗེས་ཁོང་གཉིས་ཀྱིས་མ་གྲོས་གཅིག་མཐུན་གྱིས་མཉམ་ལས་བྱས་ཏེ་མྱུར་བཟོའི་ལས་འགན་བདེ་བླག་ངང་སྒྲུབ་པ་རེད།
ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་ཞིང་ཁང་པའི་ཕྱི་རོལ་གྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་20ལྷག་ཙམ་ཟིན་ཡོད། ལས་ཀ་ཚང་མ་ཚར་རྗེས་ཁོང་གཉིས་ཀྱིས་གཞི་ནས་ལག་པ་འཁྱགས་ཏེ་དམར་སྨུག་ཏུ་གྱུར་བ་ཚོར། ཁང་ཐན་ཀྲུའུ་ཡིས“བྱང་ངོས་སུ་མུ་མཐུད་སྤྱི་ལེ་ཁ་ཤས་ཕྱིན་ནས་ལམ་རྒྱུད་དུ་ད་དུང་མངོན་མེད་རྐྱེན་ངན་གཞན་དག་ཡོད་མེད་ལྟ་རུ་འགྲོ”ཞེས་བརྗོད།
མཚོ་བོད་ལམ་ཐིག་སྨུག་པ་ལ་འབབ་ཚུགས་ནས་གདང་ལ་གྲོང་རྡལ་ལྷོ་རྒྱུད་ཀྱི་ལུང་མདོ་བར། ཁོང་ཚོའི་སྐོར་ཞིབ་ལམ་ཐིག་སྤྱི་ལེ་200ལྷག་ཙམ་ཟིན་གྱི་ཡོད། ན་ནིང་ལོ་སྨད་ནས་བཟུང་། གདང་ལ་གྲོང་རྡལ་དུ་ཀྲའོ་ཝ་སྟོང་གི་དྲ་རྒྱ་ཁྲིད་ཡོད། དྲ་རྒྱའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ་དེ་ཕུའུ་ཡན་ཀྲེན་དང་ཁང་ཐན་ཀྲུའུ་ཡི་ངོས་ནས་བརྗོད་ན་ལས་འབོར་དེ་བས་མང་དུ་ཕྱིན་ཡོད།
“ཉེ་དུས་དྲ་རྒྱ་འཁོར་སྐྱོད་ཡག་པོ་འདུག་གམ། གནས་ཚུལ་ཡོད་ན་ང་ཚོར་འབྲེལ་བ་བྱེད་ཤོག” ཕྱི་དྲོར། ཁོང་གཉིས་གྲོང་རྡལ་འཕྲོད་བསྟེན་ཁང་དུ་འཚམས་ལན་བྱེད་དུ་ཕྱིན་ནས་ཡོན་ཀྲང་གཞོན་པ་བསོད་ནམས་སྒྲོལ་མ་དང་ཅི་འཕྲོས་མོལ་འཕྲོས་བཤད། “དེ་སྔོན་སྐབས་ཤིག་རིང་དྲ་རྒྱ་བརྟན་པོ་མི་འདུག ཉེ་ཆར་མགྱོགས་པོ་ཡོད་པ་མ་ཟད་བརྟན་པོའང་འདུག” བསོད་ནམས་སྒྲོལ་མས“རྒྱང་བསྟེན་སྨན་བཅོས་དང་། སྨན་ཐོ། ནད་བརྟག་ངོས་འཛིན་གྱི་ཡི་གེ་བཅས་དྲ་ཐོག་ཏུ་གཏོང་སྤེལ་བྱེད་པར་དྲ་རྒྱ་བརྟན་པོ་ཞིག་མེད་ན་མི་འགྲིག དྲ་རྒྱའི་མྱུར་ཚད་མགྱོགས་སུ་ཕྱིན་པས་མི་དམངས་ལ་ཞབས་འདེགས་ཞུ་བར་དེ་བས་སྟབས་བདེ་རུ་ཕྱིན་སོང”ཞེས་འཛུམ་དམུལ་དམུལ་གྱིས་བརྗོད།
མུན་པ་རིམ་བཞིན་སྒྲིབ། ཁང་ཐན་ཀྲུའུ་ཡིས་ལག་ཐོགས་ཁ་པར་ནང་གི་སྐོར་ཞིབ་ལམ་ཐིག་གི་མཉེན་ཆས་དེ་ཁ་ཕྱེ་སྐབས་འཆར་ཤེལ་ངོས་ཀྱི་སྒོར་ཐིག་ཆུང་ཆུང་དག་རྒྱལ་ལམ་ཧྲིལ་པོར་བསྟར་ལ་བརྒྱུས་ནས་ཡོད། “སྒོར་ཐིག་སེར་པོ་ནི་སྐོར་ཞིབ་བྱས་ཟིན་པའི་ས་ཚིགས་རེད། དཀར་པོ་ནི་རྗེས་ཀྱི་ཟླ་བ་གཅིག་རིང་གི་སྐོར་ཞིབ་བྱ་ཡུལ་རེད” ཁང་ཐན་ཀྲུའུ་ཡིས“ཚང་མར་སྔར་བས་ལེགས་པའི་དྲ་རྒྱ་སྤྱོད་རྒྱུ་ཡོང་བར་བྱ་ཆེད། ང་ཚོས་བརྟན་སྲུང་བྱེད་རིན་ཡོད”ཅེས་བརྗོད།
(ཕུར་སྒྲོན་གྱིས་བསྒྱུར། སྐལ་མཆོག་གིས་ཞུས)