《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年02月13日

ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གསལ་ཐོ་བཏོན་ནས།

སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་12ལ་ཐོག་མའི་འགལ་ཆད་རྩ་ཡང་དང་ཆུང་ཙག་འགལ་ཆད་རྩ་ཆག་བཏང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་ཏུ་བྱེད་པའི“གྱོད་གཞི་ཆུང་ཙག་ལ་ཆད་པ་ལྕི་པོ་གཅོད་པ”དང“གྱོད་གཞི་རིགས་འདྲར་ཆད་གཅོད་མི་གཅིག་པའི”གནད་དོན་ཐག་གཅོད་བྱ་ཆེད། 《དངུལ་ཆད་གཏན་འཁེལ་དང་ལག་བསྟར་བྱེད་སྟངས་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་དང་ལྟ་སྐུལ་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་གི་ཁྲིམས་སྒྱུར་ལག་ལེན་ལ་ཕྱོགས་སྡོམ་ནན་ཏན་བྱས་ཏེ། ཉེ་ཆར《ཁྲོམ་ར་ལྟ་འདོམས་ཀྱི་སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཐོག་མའི་འགལ་ཆད་རྩ་ཡང་གཏོང་རྒྱུའི་གསལ་ཐོ(གཅིག)》དང《ཁྲོམ་ར་ལྟ་འདོམས་ཀྱི་སྲིད་འཛིན་ཁྲིམས་འགལ་བྱེད་སྤྱོད་ཆུང་ཙག་ལ་ཆད་པ་མི་གཅོད་རྒྱུའི་གསལ་ཐོ(གཅིག)》བཟོས་ནས་བཏོན་པ་རེད།

ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་མཇུག་འབྲས་དང་། དོ་བདག་གི་རང་སྣང་ནོར་འཛོལ། ཁེ་སྤོགས་ཐོབ་ཚུལ་བཅས་ལ་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞིའི་ཐོག ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གསལ་ཐོ་བཟོས་ནས་ཁྲིམས་ལས་ཐེངས་དང་པོ་འགལ་བ་དང་ཁྲིམས་འགལ་བྱེད་སྤྱོད་ཆུང་ཙག་12ལ་ཆད་པ་མི་གཅོད་རྒྱུའི་གཏན་འབེབས་བྱས་པའི་ནང“ཐོག་མའི་འགལ་ཆད་རྩ་ཡང་གསལ་ཐོའི”ནང་ཁྲིམས་ལས་ཐེངས་དང་པོ་འགལ་བ་མ་ཟད། གནོད་འཚེའི་མཇུག་འབྲས་ཆུང་བ་དང་དུས་ཐོག་ཏུ་ཡོ་བསྲང་ཐུབ་པའི་ཁྲིམས་འགལ་བྱེད་སྤྱོད་རིགས་8ཚུད་པ་དང་། “ཆུང་ཙག་འགལ་ཆད་རྩ་ཆག་གསལ་ཐོའི”ནང་ཁྲིམས་འགལ་བྱེད་སྤྱོད་ཆུང་ཙག་ཡིན་པ་དང་འབྲེལ་དུས་ཐོག་ཏུ་ཡོ་བསྲང་ཐུབ་པ་མ་ཟད། གནོད་འཚེའི་མཇུག་འབྲས་ཐོན་མེད་པའི་ཁྲིམས་འགལ་བྱེད་སྤྱོད་རིགས་4ཚུད་ཡོད།

གསལ་ཐོ་ཁྲིམས་བཞིན་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་ཐུབ་པར་འགན་ལེན་བྱ་ཆེད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས“སྲིད་དོན་ཁྲིམས་བཞིན་སྐྱོང་བའི་རྩ་དོན་མཐའ་འཁྱོངས་དང་། ཆད་གཅོད་དང་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན། ཁྲིམས་སྒྱུར་གོ་རིམ་ཚད་ལྡན་ནན་བཟོ། ཆད་གཅོད་གསལ་ཐོ་ཚན་རིག་དང་མཐུན་པའི་ངང་བཟོ་འགོད”བཅས་ཀྱི་བླང་བྱ་ཁག་5བཏོན་པ་དང་། ལྷག་པར་དུ། དོ་བདག་ལ“ཐོག་མའི་འགལ་ཆད་རྩ་ཡང་གཏོང་བ”དང“ཆུང་ཙག་འགལ་ཆད་རྩ་ཆག་གཏོང་བའི”སྲིད་ཇུས་ལག་ལེན་བསྟར་རིགས་ལ“ཁྲིམས་འགལ་བྱེད་སྤྱོད་འཕྲལ་མར་མཚམས་འཇོག་དགོས་པའི་བཀའ་བཀོད་གཏོང་བ་དང་། དག་ཐེར་ཧུར་ཐག་བྱེད་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱེད་པ། ཁྲིམས་བཞིན་འཛད་སྤྱོད་པར་གྱོང་གུན་གསབ་པ་དང་སྐོང་འགུག་འོས་འགན་སྒྲུབ་པ”སོགས་ཀྱི་བྱ་ཐབས་ཁ་གསལ་བཟོས་ཡོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)